འདྲེད་བརྡབས་ཤོར་བ། སྒྲུང་རྩོམ།

སྟག་འབུམ་རྒྱལ།

ཕྱི་དྲོ་དེར།  ང་ཚོ་སློབ་གྲྭས་སློབ་དཔོན་ཆེན་མོ་མེ་ལོང་གདན་དྲངས་ནས་རིག་གཞུང་སྒྲོག་བཤད་གནང་དུ་བཅུག་པ་ཡིན། ཀྲུའུ་ཞིའི་སྟེགས་བུའི་སྟེང་གི་སྒྲོག་ཙེ་ཆེན་པོ་དེའི་ཐོག་ཏུ་སློབ་དཔོན་ཆེན་མེ་ལོང་བཞུགས་སུ་གསོལ་ཞིང་། མདུན་ཐད་དུ་སྒྲ་དུང་གསུམ་བཞག་འདུག མེ་ལོང་དེ་ནི་དབྱིབས་སྒོར་མོ་འགྱིག་ནག་གི་མཐའ་ཤན་དང་ཞབས་སྟེགས་ཅན་ཞིག་རེད་ཅིང་། བལྟས་ཚོད་ཀྱིས་དྭངས་ཤིང་དྲི་མ་བྲལ་བ་ཞིག་འདུག་པས། མདུན་ཐད་དུ་གྲལ་བསྟར་བསྒྲིགས་པའི་དགེ་སློབ་ཚང་མ་ཡང་ནང་དུ་ཤོང་བ་ལྟ་བུའི་ཚོར་སྣང་སྟེར། ཐོག་མར་སློབ་གཙོ་གཞོན་པས་སློབ་དཔོན་ཆེན་མོ་མེ་ལོང་ངོ་སྤྲོད་མདོར་བསྡུས་བྱས་རྗེས་ཁོང་ནས་དངོས་སུ་སྒྲོག་བཤད་གནང་བ་རེད། ཁོང་གིས་དང་ཐོག་གློ་ལུ་འགའ་བྱས་ཤིང་དེ་ནས་ལུས་པོ་འདུག་སྟེགས་སྟེང་ཇེ་བདེར་གཏོང་ཙམ་བྱས་ནས་ན་རེ།"འདིར་བཞུགས་ཀྱི་དགེ་རྒན་དང་སློབ་གྲོགས་རྣམ་པ། ཕྱི་དྲོ་བདེ་ལེགས།  

དེ་རིང་ངས་སྒྲོག་བཤད་བྱེད་པའི་ཁ་བྱང་ལ《ང་ཚོའི་མ་རྩ་ཤོར་ལ་ཉེ།》ཞེས་ཟེར། དེ་ཡང་གསལ་བོར་བཤད་ན་མི་གཤིས་ཀྱི་འདྲེད་བརྡབས་སྐོར་གྱི་གནད་དོན་བཤད་འདོད་པ་ཡིན། དེ་ཡང་མི་གཤིས་ཀྱི་གནད་དོན་ནི་ངས་བཤད་དགོས་པ་ཞིག་ཀྱང་མ་ཡིན་པར་རང་སེམས་མེ་ལོང་ངོས་སུ་གསལ་ལེར་འཁོར་ཐུབ་པ་ཞིག་རེད་དེ། ཚན་རྩལ་དང་དཔལ་འབྱོར་གྱི་འཕེལ་སྟོབས་འགྲན་པ་ལྟར་འཕྱུར་གྱིན་པའི་དེང་གི་སྤྱི་ཚོགས་ཁྲོད་དུ། རྒྱུ་ནོར་གསོག་སྤེལ་ལ་ཧབ་ཐོབ་བྱས་ཏེ་མི་གཤིས་ཉམས་དམས་སུ་འགྲོ་བ་ཉིན་རེ་བཞིན་རྣ་བས་ཐོས་རྒྱུ་འདུག་ལ་མིག་གིས་མཐོང་རྒྱུའང་ཡོད་འདུག ང་ཚོའི་མི་རིགས་འདིར་མཚོན་ན་སྔོན་ནས་བཟུང་བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་ལས་རྒྱུ་འབྲས་ལ་བརྩི་འཇོག་བྱེད་ཅིང་དཀར་བོ་དགེ་བ་འབད་པ་དང་ནག་པོ་སྡིག་པ་ལ་འཛེམ་པར་མ་ཟད། རང་གཤིས་དྲང་ཞིང་ཡ་རབས་ལས་ལ་གཞོལ་མཁན་འབའ་ཞིག་ཡིན་པར་བཤད་ལ། བོད་ཀྱི་གཏམ་དཔེར་ཡང་མི་ཡོད་ན་རྒྱུ་ཡོད་ཟེར་ལ། མིས་མི་བཟའ་བ་མནའ་དང་ཁྱིས་མི་བཟའ་བ་ལྕགས་ཡིན་ཞེས་པའི་གཏམ་དཔེ་ཡང་ཡོད་པ་རེད། ཡིན་ནའང་ཉེ་བའི་དུས་རིམ་ནང་དུ་མི་རིགས་བསྲེས་འདྲེས་ཀྱི་ཤུགས་རྐྱེན་དང་དཔལ་འབྱོར་སྤྱི་ཚོགས་བསླུ་བྲིད་འོག་ཏུ་མི་གཤིས་ལ་འདྲེད་བརྡབས་ཤོར་གྱིན་པའི་སྣང་ཚུལ་སྣ་ཚོགས་འདུག འདི་ནི་དོན་དངོས་སྟེང་ནས་བཤད་ན་ས་ཡི་རྡོ་བ་བླངས་ནས་རུམ་གྱི་བྲོ་ལྷུང་བ་སྟེ། ང་ཚོ་རང་ཉིད་ཀྱི་མ་རྩ་ཆེན་པོ་ཕར་ཤོར་གྱིན་པའི་གྱོང་གུད་ཆེ་ཤོས་ཤིག་རེད། འདི་དག་རེ་རེ་བཞིན་བཤད་ན།

གཅིག ཁ་དོན་ཚིག་ལ་མི་གནས་པ།

བོད་ཀྱི་གཏམ་དཔེར་ཡང་ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་ཟེར་བ་འམ། རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་ལ། མཁས་པའི་ལེགས་བཤད་དུ་ཡང་།  དམ་པ་རྣམས་ཀྱིས་ཁས་འཆེ་མི་བྱེད་ལ༎  གལ་ཏེ་ཁས་འཆེ་བྱས་པར་གྱུར་ན་ནི༎  རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ༎  ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ༎ ཞེས་གསུངས་པ་ལྟར། ང་ཚོའི་མེས་པོ་དག་གིས་སྔོན་ནས་བཟུང་ཁ་ནས་ཚིག་ཤོར་བ་ཞིག་ཡིན་ཕྱིན་ལེགས་ཉེས་ཅི་བྱུང་ཡང་ཁ་དོན་ཚིག་ལ་གནས་པར་བྱེད་པ་ཡིན་མོད།  ད་ལྟའི་དུས་འདིར་མི་མང་པོ་ཞིག་གིས་ཁེ་སྤོགས་མཐོང་བའི་ཚེ་ན་ཚིག་ཐོག་ནས་སྡོད་པ་ལྟ་ཅི།  མནའ་བཟའ་རྒྱུའང་ཅི་ལ་ཡང་མི་བརྩི་བ་དང་།  ཐ་ན་ཕན་ཚུན་བར་ལ་ཡིག་ཐོག་གི་གན་རྒྱ་བཞག་ཀྱང་མཐའ་མར་གྱོད་དུ་གྱུར་ནས་ཕུ་ནུ་ནང་འཛིང་དང་།  ཕ་བུ་ཞེ་འགྲས་སུ་གྱུར་བའི་སྣང་ཚུལ་ཡང་མཐོང་རྒྱུ་གང་མང་འདུག་པས། བཟང་བོའི་སྲོལ་དུ་མ་གྲགས་པར་ངན་པའི་དཔེ་རུ་འདྲེན་གྱིན་པ་འདི་ནི་ང་ཚོའི་མ་རྩ་ཆེན་པོ་ཕར་ཤོར་གྱིན་པའི་གྱོང་གུད་ཆེ་ཤོས་ཤིག་མ་ཡིན་ནམ།

གཉིས།  སྒོར་མོ་མཐོང་ན་སྡིག་པ་བརྗེད་འགྲོ་བ།

སྤྱིར་བཤད་ན་བོད་རལ་བ་ཅན་དང་ལག་ཕྲེང་བ་ཅན་ཟེར་བ་ཡིན་ལ།  སྡིག་པ་ཅི་ཡང་མི་བྱ་ཞིང་༎  དགེ་བ་ཕུན་སུམ་ཚོགས་པར་བྱེད༎  པའི་ནང་བའི་ཆོས་ཀྱི་དད་ལྡན་པ་རྣམ་དག་ཀྱང་ཡིན་མོད།  དཔལ་འབྱོར་འཕེལ་རྒྱས་གཙིགས་ཆེན་དུ་བཟུང་བ་དང་བསྟུན་ནས་མི་སེམས་ཀྱི་རྣམ་དག་དེར་རིམ་བཞིན་དུ་འགྱུར་བ་བྱུང་ཞིང་།  སྒོར་མོའི་ཆེད་དུ་སྲོག་གཅོད་ཀྱི་ལས་ལ་ཅི་མི་སྙམ་པ་དང་།  སྒོར་མོའི་ཆེད་དུ་མི་གསོད་ཀྱི་དོན་རྐྱེན་འབྱུང་བའང་མཚམས་མི་ཆད་པའི་སྣང་ཚུལ་ཡོད།  ཐ་ན་ཉེ་བའི་དུས་འདིར་རང་རེ་ས་ཆ་དག་ཏུ་སྒོར་མོའི་ཆེད་དུ་སྒོ་ཁའི་ཕྱུགས་ཟོག་རྐུ་བར་བྱེད་པ་ལས་གཞན་ད་དུང་སྒོ་ཁའི་ཁྱི་ཡང་རྐུ་བར་བྱེད་ལ།  ཕ་ནོར་བུ་ཡིས་རྐུ་བའི་ཁྲེལ་བག་བྲལ་བའི་བྱ་བ་འཕྲོ་འཕྲོ་འཕྲོར་འབྱུང་གིན་འདུག་པས།  ཕྱི་མིས་འཕྱ་ཞིང་ནང་མི་ཁྲེལ་བའི་བྱ་སྤྱོད་འདི་དག་ནི་ང་ཚོའི་མ་རྩ་ཆེན་པོ་ཕར་ཤོར་གྱིན་པའི་གྱོང་གུད་ཆེ་ཤོས་ཤིག་མ་རེད་དམ།

གསུམ།  དཔོན་པོ་མཐོང་ན་ཉེ་དུ་མི་དགོས་པ།

…   …" སློབ་དཔོན་ཆེན་མོ་མེ་ལོང་གི་སྒྲོག་བཤད་ཀྱི་ཁྱོན་ཧ་ཅང་ཆེ་སྟེ།   ད་དུང"བཞི། རྒན་བཀུར་ཆུང་བྱམས་ཀྱི་འདུ་ཤེས་མེད་པ།""ལྔ། ཆུང་མ་བླངས་ཚེ་ཕ་མ་མི་དགོས་པ།" "དྲུགཚིག་བདེན་པ་མི་བྲིན་རྫུན་མ་བྲིན་པ།""བདུན། རྒྱུད་ཀྱི་སྙིང་རྗེ་བོར་ཅིང་བཟང་ལ་དྲིན་གཟོ་མི་ཤེས་པ"སོགས་བཤད་པའི་མཇུག་རེ་རེར"འདི་དག་ནི་ང་ཚོའི་མ་རྩ་ཆེན་པོ་ཕར་ཤོར་གྱིན་པའི་གྱོང་གུད་ཆེ་ཤོས་ཤིག་མ་རེད་དམ"ཞེས་ལྡོག་འདྲི་བྱས་ཏེ་ནུབ་ཟས་ཀྱི་དུས་ཚོད་ཀྱང་ཕར་ཡོལ་སོང་།  མཇུག་མཐར་སློབ་དཔོན་ཆེན་མོ་མེ་ལོང་གིས་སྤོབས་པ་ཆེན་པོས་གསུངས་རྒྱུར།  

"མདོར་ན་མི་གཤིས་ནི་མི་ཞིག་གི་བསམ་བློ་དང་སྤྱོད་ལམ་གྱི་ཐོག་ཏུ་གནས་པའི་ཅུང་བརྟན་ཆགས་རང་བཞིན་གྱི་འཚོ་བའི་ལྟ་ཚུལ་ལམ་གོམས་སྲོལ་ལ་གོ་བ་ཡིན་པས་ན། སྤྱི་ཚོགས་དཔལ་འབྱོར་ཇི་ལྟར་འཕེལ་ན་ཡང་ང་ཚོས་ཀྱང་སྔོན་ཐོན་མི་རིགས་ལ་དཔེ་བལྟས་ཏེ་ལས་གང་ལ་ཡང་བླང་དོར་ཡོད་པའི་སྒོ་ནས་འཇུག་པར་བྱེད་པ་དང།  རང་མི་རིགས་དང་མི་རང་ཉིད་ཀྱི་རང་གཤིས་བཟང་བོ་དང་གོམས་སྲོལ་ཡག་པོ་དག་ཡལ་བར་མི་དོར་བར་རྒྱུན་འཁྱོངས་བྱས་ཏེ།  བཟང་བོའི་དཔེ་མི་ཚུགས་ཀྱང་མེས་པོའི་བླ་མི་བསྒུལ་བར་རང་ཉིད་ཀྱི་མ་རྩ་མཐུག་པོ་དག་དམ་སྲུང་བྱེད་པའི་ཐབས་ལ་འབད་རྒྱུ་ནི་ངའི་མཇུག་མཐའི་རེ་བ་ཡིན།"ཞེས་གསུངས་ཏེ་ཡར་བཞེངས་ནས་ཧ་ཅང་ཁེངས་སྐྱུངས་ལྡན་པའི་གུས་ཕྱག་ཅིག་ཕུལ་བྱུང་བས། དགེ་སློབ་ཡོངས་ཀྱི་ཐལ་མོ་རྡེབ་སྒྲས་ལུས་རྩལ་ར་བ་ཡོངས་སུ་ཁེངས་སོང......

སྒྲོག་བཤད་མཇུག་རྫོགས་མ་ཐག  སློབ་གཙོས་སློབ་དཔོན་ཆེན་མོ་མེ་ལོང་ཁོང་གྲོང་བརྡལ་འདིའི་ཆེས་ལེགས་པའི་གསོལ་ཁང་ཆེན་མོ་ཞིག་ཏུ་གདན་དྲངས་ནས་ཤ་ཆང་ཕུན་སུམ་ཚོགས་པས་གསོལ་ཚིགས་བཏང་རྗེས།  གཏང་རག་གི་སྒོར་སྟོང་ལྔ་དེ་ཁ་བཏགས་ཀྱིས་ལྕིབས་ཏེ་ཡར་ཕུལ་བ་ན།  སློབ་དཔོན་ཆེན་མོས་ཅུང་འཁོང་བའི་རྣམ་འགྱུར་གྱིས་བཞིན་མདོག་ནག་པོར་གྱུར་སོང་ལ།  དེ་ནས་ད་སྔོན་སྒྲོག་བཤད་བྱེད་དུས་ཀྱི་སྐད་གདངས་ཀྱིས།  "ཐ་ན་སྒོར་མོ་འདི་ཙམ་གྱི་ཆེད་དུ་རིག་གཞུང་སྒྲོག་བཤད་བྱེད་པ་འདི་དག་ཀྱང་།  ང་ཚོའི་མ་རྩ་ཆེན་པོ་ཕར་ཤོར་གྱིན་པའི་གྱོང་གུད་ཆེ་ཤོས་ཤིག་མ་རེད་དམ།"གསུངས་བཞིན་སྒོར་མོ་ཕར་ལེན་རྩིས་ཀྱིས་ལག་པ་ཚུར་བརྐྱངས་མ་ཐག  གློ་བུར་དུ་འདྲེད་བརྡབས་ཤོར་ཏེ་སྒྲོག་ཙེ་ཐོག་ཏུ་ཅལ་སྒྲ་དང་བཅས་ལེབ་ཀྱིས་འགྱེལ་སོང་།  སློབ་གཙོ་དངངས་འཚབ་དང་བཅས་མྱུར་མོར་ཕར་བརྒྱུགས་ནས་ཡར་བསྐྱོར་བ་ན། གཞི་ནས་སློབ་དཔོན་ཆེན་མོ་མེ་ལོང་གི་ཐོད་པའི་ཟུར་དུའང་རྟ་རྔ་ཉག་གཅིག་དང་འདྲ་བའི་གས་ཀ་རིང་བོ་བྱུང་འདུག་པ་མཐོང་བྱུང་ངོ་། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号