ཨ་མ་བཟང་མོ་དང་བུ་མོ་བཟང་མོ།
རྩོམ་པ་པོ། : ཙ་སུར་སྦྱིན་པ།
བཟང་མོ་ལོ་གསུམ་གྱི་སྟེང་ཨ་ཕར་སྙུང་གཞི་ལྕི་མོ་ཕོག་པས་མ་བུ་གཉིས་བཞག་སྟེ་འཇིག་རྟེན་འདི་དང་གཏན་དུ་གྱེས། གློ་བུར་བའི་དོན་དག་དེ་ནི། བཟང་མོ་མ་བུ་གཉིས་ཀའི་ཡིད་ལ་ཡེ་ནས་ཤར་མ་མྱོང་རུང་། འདུས་པའི་མཐའ་མར་བྲལ་འགྲོ་བའི་ཆོས་ཉིད་བཙན་པོས། བཟང་མོའི་ཨ་ཕ་དེ་ལྟར་འཇིག་རྟེན་དང་བྲལ་ནས་ལོ་སུམ་ཅུ་འགོར།
འདི་འདྲའི་ལོ་མང་པོར། ཨ་ཕ་འདས་པའི་སེམས་སྡུག་དང་ན་ཟུག་གི་སྐྱོ་ངལ་ཁོག་ཏུ་སྦས་ཤིང་དྲན་གདུང་མིད་པའི་བཟང་མོས། ཞོགས་པའི་ཅོང་བརྡ་གྲག་པ་དང་མཉམ་དུ་ཡར་ལངས་ཏེ། མལ་ཁང་གི་ཡོལ་བ་ཕར་ལ་དེད་ཅིང་སྒེའུ་ཁུང་ཕྱེ་སྟེ། མཁའ་དབུགས་གསར་རྙིང་བརྗེ་བ་ནི། མོའི་ཉིན་གཅིག་གི་ཆེས་ཐོག་མའི་ལས་ཀ་རུ་བགྲང་ཆོག
བཟང་མོའི་ཕ་ཡི་རིང་ནས་གཉེར་ཡོང་བའི་དབྱངས་གསལ་སློབ་གྲྭའི་རྩོམ་ཡིག་བྱ་དགའི་རྣམ་གྲངས་ནི། ད་དུང་དགེ་རྒན་ལྷག་བསམ་བཟང་མོ་གཙོས་དབྱངས་གསལ་སློབ་གྲྭའི་སློབ་རར་དགའ་བསུ་ཐོབ་ཅིང་གདེངས་འཇོག་མཐོ་བས། མཚན་སྙན་གྱི་གྲགས་པ་དཀར་པོ་སྤྱི་ཚོགས་ཀྱི་མཚན་མོའི་མུན་པའི་མཁའ་དབྱིངས་ན། ཞོགས་པའི་ཉི་གཞོན་བཞིན་འོད་ཀྱིས་མཆེད་ཀྱིན་འདུག
དབྱངས་གསལ་སློབ་གྲྭས་གཙོ་སྒྲུབ་བྱས་པའི་རྩོམ་རིག་ས་ལམ་གྱི་གསེར་སྦྲམ་འདི། ཆེས་ཐོག་མར་སློབ་རའི་ནང་ཁུལ་ནས་སྤེལ་ཞིང་། ད་བར་རྒྱལ་ཡོངས་ལ་ཕྱོགས་ཤིང་ཁྱབ་ཀྱིན་འདུག
༢
ད་ནངས་ཞོགས་པའི་ནམ་མཁའ་གཡའ་དག་ལ། སྡེ་བའི་མདུན་གྱི་ཚང་ཚིང་ནགས་ཀློང་ན་བྱིའུ་སྐད་ཀྱི་སྙན་པའི་དབྱངས་རྟ་བྲག་ཅར་མཆེད་ཅིང་། དཔངས་མཐོ་ལ་བརྗིད་ཆེ་བའི་རྒྱབ་རི་རིན་ཆེན་སྤུངས་འདྲའི་ངོས་ན། རྩི་ཤིང་དང་ནེའུ་གསེང་གི་ཟིལ་བ་རྒུམ་པའི་སྨུག་པ་ལང་ལོང་ཞིག་རི་ངོས་ན་འཕྲེད་དུ་འཐེན་ཞིང་གཡོ་བ་ནི།ཨ་མ་བཟང་མོ་རང་ཁྱིམ་ནས་སློབ་གྲྭར་སྐྱོད་པའི་ལྷོ་ཕྱོགས་ཀྱི་རི་ལམ་དེར་དར་ཡུག་ཅིག་བཀལ་བ་དང་འདྲ།
ཨ་མ་བཟང་མོར་མཚོན་ན། མི་ལོ་མང་པོར་སློབ་གྲྭའི་ཁོར་ཡུག་དང་། སློབ་གསོའི་ལས་རིགས་ཀྱི་སྡིངས་ཆ་དང་ཁ་འབྲལ་མ་མྱོང་ལ། ཁྱོ་ག་དང་ལྷན་དུ་ཁྱིམ་ཚང་སྐྱིད་ལ་སྐུར་བའི་བདེ་བར་རོལ་མ་ཐུབ་རུང་། ནམ་ཞར་ངག་ལ་ཟློ་ཞིང་དྲན་འོས་པ་ནི་དྲིན་ཡིན་ལ། དྲིན་ཆེ་བ་དེ་ཡང་དགེ་རྒན་དང་ཕ་མ་ལས་གཞན་མི་བགྲང་བར་འཚོ་བ་བདེ་ལ་སྙེག་པའི་ངོ་སོ་དང་། དབང་ཐང་མངའ་གསོལ་གྱི་ལས་རིམ་ནི་མི་བཟང་རྒྱུ་མེད། མོས་སློབ་ཁང་དང་ཚོགས་ཁང་གང་ནས་ཁ་བརྡ་བྱེད་ཚེ། རྒྱུན་ལྡན་མ་ཡིན་པའི་སྐད་གསང་མཐོན་པོས།“འུ་ཅག་དབྱངས་གསལ་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་ཅི་འདྲ་རེད། སྲོལ་རྒྱུན་མ་བོར་ཞིང་དེང་རབས་དང་མཐུན་པ་ཞིག་ཅིས་ཀྱང་ཡོང་དགོས། ད་རུང་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་དེ། ངེད་དགེ་སློབ་ཡོངས་ཀྱིས་ཁ་ཕྱོགས་མ་ནོར་ཞིང་འདུ་ཤེས་མ་འཆོལ་བར་མདུན་སྐྱོད་ཀྱི་མཚམས་འཇོག་མི་ཉན། ”
དབྱངས་གསལ་སློབ་གྲྭའི་སློབ་གསོ་དང་བཞི་སུམ་ཅུའི་འཛིན་གྲྭའི་སློབ་སྦྱོང་རྒྱ་ཡན་དུ་སོང་ན། དབྱངས་གསལ་སློབ་གྲྭའི་སློབ་མ་ལད་སོང་བ་ཡིན། སློབ་མའི་ཡོན་ཚད་ལོ་རིམ་ལྟར་འགྲོ་ཆོག་པའི་སློབ་གྲྭ་མི་ཉུང་བ་མཆིས་ཟེར་ཡང་། དེ་ནི་མ་གཉིད་པར་རྨི་ལམ་རྨིས་པའི་རྗེས་སུ་འགྲོ་ཞིང་། ས་རྡུལ་གྱི་བྱེ་ཕུང་བཞིན་རང་ཚུགས་མེད་པར་གང་སར་འཐོར་བའི་ཉེན་ཁ་ཆེ། སློབ་གྲྭའི་སློབ་གསོའི་ལས་སྐལ་ནི། ནམ་ཡང་ཕྱིའི་རྣམ་པ་དང་ཁ་དོག་གིས་འཚོ་བ་ནི་ཅི་འདྲའི་སྔངས་པའི་ལས་ཤིག་ཅི་ལ་མིན་སྙམ་གྱིན། སྐྱོ་ངལ་མེད་པར་གདོང་མཆོང་བྱེད་མཁན་ནི། ཁ་ཞེ་གཉིས་མེད་ཀྱིས་སློབ་གསོའི་ལས་རིགས་ལ་བློ་དཀར་སེམས་དཀར་ཡིན་པའི་ཨ་མ་བཟང་མོ་ཁོ་ན་རེད་ཅེས་བརྗོད་ཆོག
༣
བརྩེ་བའི་སློབ་གསོ་ལ་འགྱུར་བ་མེད་ཅིང་ཡ་རབས་ཀུན་སྤྱོད་ལ་ཀུན་ནས་གཅེས་པའི་བཟང་མོའི་ཨ་མ་ལྷག་བསམ་བཟང་མོ་ནི། བློ་བརྟན་འགྱུར་མེད་དང་། ཡིད་རྟོན་རང་འཕེར་ཅན།སྡུག་ལ་མི་སྐྲག་ཅིང་སྐྱིད་ལ་ཆོག་ཤེས་ལྡན་པ། ངང་རྒྱུད་རིང་ཞིང་གཞུང་རྒྱུད་དྲང་བ། བཤད་པ་ཉུང་ཞིང་སྒྲུབ་པ་མང་བའི་ལས་བརྩོན་སེམས་བཟང་གི་མཛངས་མ་ཞིག་ཡིན་པས་ཀུན་གྱི་སྨོན་སར་གྱུར་ཡོད་པ་མ་ཟད། བཟང་མོ་ཕ་དང་བྲལ་ནས་བཟུང་མོ་གཅིག་པུས་ཁ་ཡོད་ལག་ཡོད་དང་། ཁ་ཞེ་གཉིས་མེད་ཀྱི་ངང་ནས་སེམས་ཀྱི་སྐྱོ་སྡུག་དང་། ལས་ཀའི་གནོན་ཤུགས་གང་ཡིན་ཐམས་ཅད་མོ་གཅིག་པུས་ཕྲག་ཏུ་བླངས་ནས། བཟང་མོ་ལོ་བཅུ་དགུར་སོན་པའི་བར་དུ། སྤྱི་ཚོགས་ཀྱི་མཆེ་སྡེར་ལ་གདོང་གཏད་དེ་གཞན་པའི་ཚིག་ཟུར་གྱི་རྣོ་དབལ་དང་། གྲོགས་ན་མཉམ་ཚོའི་མིག་ཟུར་གྱི་འཕྱ་དམོད། ཐ་ན་སློབ་མ་ཚོའི་ཁྱིམ་བདག་རྣམས་ཀྱི་ཁ་ཟུར་སྣ་ཟུར་གྱི་མཆིལ་ཞགས་ཅི་འདྲར་འཕྲད་ཀྱང་། མོས་དབྱངས་གསལ་སློབ་གྲྭའི་སློབ་དཔྱོད་ཁང་གི་འགོ་གཙོ་དང་བཞི་སུམ་ཅུ་འཛིན་གྲྭའི་བོད་ཡིག་དགེ་རྒན་བྱས་ཏེ་ལོ་མང་འགོར། དེ་བཞིན་དུ་མོའི་བུ་མོ་བཟང་མོ་ཡང་ཨ་མ་དང་འདྲ་བར་སྐྱིད་སྡུག་གང་ལ་འཕྲད་ཀྱང་བློ་རྩ་རྣལ་མོ་དང་རང་ཚུགས་བརྟན་པོ་ཅན་ཞིག་ཡིན།
ཨ་མ་ལྷག་བསམ་བཟང་མོའི་བུ་མོ་བཟང་མོ་དང་སངས་དོན་གཉིས་ཁྱིམ་མཚེས་ཡིན་ལ། དུས་རྒྱུན་སྒོ་ལྷས་བར་གྱི་མཉམ་འགྲོ་མཉམ་འདུག་གི་རྩེད་གྲོགས་ཆེས་བཟང་པོའང་ཡིན། སངས་དོན་ལོ་དགུ་དང་བཟང་མོ་ལོ་བརྒྱད་ཀྱི་སྟེང་ཁོ་གཉིས་སློབ་ཆུང་གི་སྒོ་ཐེམ་མཉམ་དུ་བརྒལ་བས། དབྱངས་གསལ་སློབ་གྲྭའི་བཞི་སུམ་ཅུའི་འཛིན་གྲྭའི་ཤེས་རིག་གི་ས་བོན་རྒུམ་པའི་སློབ་གྲོགས་ཡིན་པས། ད་བར་མཛའ་གྲོགས་སུའང་གྱུར་ཡོད།
ཐེངས་འགར་སློབ་གྲྭའི་རྩོམ་ཡིག་འགྲན་སྡུར་གྱི་སྐབས་སུ། སངས་དོན་གྱིས་བརྗོད་འདོད་པའི་སྐད་ཆ་སེམས་ལ་ཤར་རུང་། ཡིག་ནོར་སོགས་ལ་དོགས་པས་བཟང་མོར་ལྐོག་ནས་བློ་མང་དུ་དྲིས་ཀྱང་། བཟང་མོ་ཡང་སློབ་སྦྱོང་དང་སྦྱངས་འབྲས་རྩེ་གྲ་ཅན་གྱི་རིགས་དེ་འདྲ་མིན་པ་དང་། རྩོམ་འགྲན་ཁོ་ནར་དམིགས་ནས་སློབ་སྦྱོང་བྱེད་མཁན་དང་ལྟ་མཁན་ཞིག་དེ་བས་ཀྱང་མིན་ཕྱིར། མོས་སངས་དོན་ལ“ཁྱོད་ཀྱིས་ནམ་རྒྱུན་སློབ་ཁྲིད་ཉན་སྐབས་དང་། རྒྱུགས་སྤྲོད་སྐབས། ལྷག་ཏུ་དེ་རིང་རྩོམ་འགྲན་སྐབས་བྱ་བ་དེ་འདྲའི་རིགས་རྩ་བ་ནས་བྱེད་མི་ཉན་པར་མ་ཟད། རྗེས་སུ་བྱ་བ་དེ་འདྲ་བགྱི་བ་ཕར་ཞོག གོ་ཐོས་ཙམ་ཡོད་ནའང་། འུ་གཉིས་ཆུང་དུས་ནས་ད་བར་འགྲོགས་ཤིང་འདྲིས་པའི་བྱིས་བློའི་དགའ་སྣང་དང་། གཞོན་པའི་བརྩེ་འཛུམ་ཤོར་ན་མི་བཟང”ཞེས་ནན་གྱིས་ལབ།
དེ་ནི་སངས་དོན་ལ་མཚོན་ན་ཆེས་ལྕི་བའི་ནད་རྙིང་ཞིག་དུ་གྱུར་འདུག་མོད། མཚམས་རེར་ཁ་བརྡ་བྱ་འདོད་དུས་ལྕེ་བསྣར་ཞོར་དང་། མགོ་ལ་ལག་པས་འཕྲུག་ཞོར་བྱེད་ཅིང་། སྐད་ཆ་བཤད་དུས་ཀྱང་སྐད་གདངས་ཅུང་མཐོན་པོས་ལབ་མཁན་ཞིག་ཡིན། བློ་རིག་མི་བཟང་རྒྱུ་མེད་མོད། ནམ་རྒྱུན་བརྩོན་པ་མི་བྱེད་པར་ཕུ་རྡོ་དང་ཚེ་རྡོ་སོགས་རྩེད་དགོད་ལ་གཡེང་བའི་སློབ་གྲོགས་ཚོའི་ཁར་ཉན་ནས། སློབ་སྦྱོང་དང་སྦྱངས་འབྲས་དེ་ཙམ་ཡག་པོའི་གྲལ་མིན་རུང་། ཆུང་དུས་ཀྱི་རྩེད་ཡ་དགོད་གྲོགས་དང་གཞོན་དུས་ཀྱི་འགྲོ་རོགས་འདུག་གྲོགས་ཀྱི་བཟང་མོ་ལོ་གསུམ་གྱི་སྟེང་ནས་ཕ་དང་བྲལ་བ་ནས་བཟུང་། སངས་དོན་གྱི་ཕ་མ་གཉིས་ཀྱིས་རང་གི་བུ་ལ་ཇི་ལྟར་གཅེས་པ་བཞིན། བཟང་མོ་ལ་ཡང་དེ་ལྟར་སྙིང་ནས་གཅེས་ཤིང་འཛུམ་གྱིས་བསྐྱངས་ནས་གཉོམ་ལག་རྒྱས་སུ་བཅུག་པས། སངས་དོན་གྱིས་བཟང་མོར་བཅངས་པའི་བརྩེ་འདང་ཧ་ཅང་ཟབ་ལ། སྣང་བའི་ཁམས་ཆེན་འདིར། མ་འོངས་པའི་ཆུང་མར་རེ་བའི་བརྩེ་ཞེན་དང་དུངས་པ་ལྷག་མ་ཞིག་ཡོད་པ་གཞི་ནས་རྟོགས་ཀྱིན་མེད།
༤
སངས་དོན་གྱིས་སེམས་ངོགས་ཀྱི་སྐྱོ་སྣང་ཡོད་ཚད་རུམ་ལ་བཅུག་ཅིང་། ནམ་རྒྱུན་བཟང་མོ་དང་ཁོ་གཉིས་ཀྱི་རང་སྦྱོང་བྱེད་ཡུལ་ཏེ། སློབ་རའི་ར་སྐོར་གྱི་ཙན་དན་ལྗོན་པ་ཡོད་སའི་ཉེ་འགྲམ་དུ་སློབ་སྦྱོང་བྱས་ཁུལ་དང་བསྐྱར་སྦྱོང་བྱས་ཁུལ་ཨུ་ཚུགས་བྱས་པ་ལས། བློ་གཅིག་སེམས་གཅིག་གིས་སྦྱངས་པ་ཡག་པོ་ཞིག་ཡེ་ནས་མི་ཡོང་བར།བཟང་མོས་བཤད་པའི་སྐད་ཆའི་ནང་དོན་དང་། ལུས་པོའི་ཉམས་འགྱུར། དམར་ལ་སྨུག་ཤས་ཆེ་བའི་མཆུ་སྒྲོས་ཀྱི་འབྱེད་འཛུམ་བར་གྱི་སོ་ཕྲེང་སོགས་བགས་དང་ཁད་ཀྱིས་ཡིད་ངོར་འཆར་ཡོང་བ་ནི་བཟང་མོ་ལས་ཅི་ཡང་མི་འདུག
ཡང་ཐེངས་ཤིག་ལ། བོད་ཡིག་མཇུག་རྒྱུགས་སྤྲོད་སྐབས། སངས་དོན་གྱིས་སྒྲ་མཚུངས་ཤིང་དོན་མི་འདྲ་བའི་མིང་ཚིག་གཉིས
མ་ཤེས་པར་ལྐོག་ཏུ་བཟང་མོ་ལ་དྲིས་ཀྱང་། བཟང་མོས་སངས་དོན་ལ་ཁ་ཡ་ཙམ་ཡང་མི་བྱེད་པར། མ་གོ་ཁུལ་དང་མ་རིག་ཁུལ་བྱས་ནས་བསྡད། སངས་དོན་གྱི་སེམས་ལ་བཟང་མོ་ནི་ངོ་མ་འགྱུར་འདུག དེ་བས་ཀྱང་ཁར་ཉིན་ང་ལ་བཤད་པའི་དགའ་སྣང་དང་བརྩེ་འཛུམ་གྱི་མདངས་ཤོར་འགྲོ་ཟེར་བའི་དོན་དག་དེ་ཁོ་ན་ཙམ་མ་རེད་བསམ་གྱིན། སེམས་ངལ་རུམ་གང་ཁུར་ནས་སློབ་གྲྭ་གྲོལ་མ་ཐག་གཅིག་པུར་ཁྱིམ་དུ་ལོག
སངས་དོན་ཕྱིར་ཁྱིམ་དུ་ཐོན་མ་ཐག་ཨ་མས་དགོང་ཇ་བསྐོལ་ཡོད་རུང་། ཁོ་ལ་འཐུང་འདོད་ཡེ་ནས་མེད་པར་གཅིག་པུར་ཉལ་ཁང་དུ་སོང་ནས་རང་སྦྱོང་བྱས། སྐབས་དེར།བཟང་མོས་སྒོ་ཡང་མི་རྡུང་བར་ཙག་སྒྲ་དང་བཅས་སངས་དོན་གྱི་གམ་དུ་སླེབས་བྱུང་། སངས་དོན་གྱིས་མོ་ལ་ལྟ་ཙམ་བྱས་པ་ལས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་རང་གི་རྐུབ་སྟེགས་སྟེང་ནས་དཔེ་ཆར་བལྟས་ནས་བསྡད། འོན་ཀྱང་། བཟང་མོས་ལྷག་བསམ་ཟོལ་མེད་དང་བརྩེ་བ་རྣལ་མ་ཞིག་གིས“རྒྱུགས་སྤྲོད་སྐབས་ཁྱོད་ལ་ལྐོག་ནས་དེ་ལྟར་བཤད་པ་ཡིན་ན། མིང་ཚིག་དེ་དག་ལ་ཁྱེད་ཀྱིས་ནམ་ཡིན་ཡང་དོ་སྣང་མི་བྱ་བར། རང་གི་བསམ་བློ་རང་གིས་བཀོལ་སྤྱོད་བྱེད་མི་ཐུབ་ཅིང་ཁྱོད་ཀྱི་བློ་དང་ཤེས་རབ་ལ་མཐོང་ཆུང་དང་གནོད་པ་ལས་ཕན་པ་མེད་སྟབས། ངས་ཁྱོད་ལ་མ་བཤད་པ་ཡིན།”ཟེར་གྱིན་སངས་དོན་གྱི་གམ་དུ་བསྡད།
སངས་དོན་ལ་མཚོན་ན། རྒྱུགས་ལེན་སྐབས་མ་ཤེས་པའི་མིང་ཚིག་དེ་དག ད་ལྟ་ཤེས་སོང་རུང་སྐར་མ་ལེན་མི་ཐུབ་པས། དགའ་སྐྱོ་ཟུང་འབྲེལ་གྱི་སྨྲེང་སེམས་དང་བཅས། མགོ་བོ་ཡར་དགྱེ་མ་ཐུབ་པར་ཤབ་ཤུབ་ཀྱིས“བཀའ་དྲིན་ཆེ་ཨ། བཀའ་དྲིན་ཆེ”ཟེར་བ་ལས་སྐད་ཆ་གཞན་ཚིག་གཅིག་ཀྱང་མ་བཤད།
༥
ཕྱི་ཉིན་གྱི་གནམ་གཤིས་དྲོ་ཞིང་འཇམ་ལ། གཡའ་དག་པའི་ནམ་མཁའ་ན་སྤྲིན་དཀར་ལེབ་མོ་ཆུང་ཆུང་འགའ་རེ་མཚམས་མཚམས་ན་ལང་ལོང་དུ་འགུལ་གྱིན་ཡོད་པ་དེས། བཟང་མོ་དང་སངས་དོན་གཉིས་སློབ་གྲྭར་ཡོང་བར་བསུ་མ་བྱེད་ཀྱིན་ཡོད་པ་དང་གཉིས་སུ་མ་འདས་པས། ཁོ་གཉིས་མུ་མཐུད་དུ་སློབ་གྲྭའི་ཕྱོགས་སུ་བསྐྱོད་ཅིང་། སློབ་རའི་ནང་སླེབས་ནས་ཅང་མ་འགོར་བར་ཅོང་བརྡ་ཡང་གྲག
དགེ་རྒན་གྱིས་སངས་དོན་ལ“ཁྱེད་ཀྱིས་རྒྱུགས་ཤོག་སྟེང་མིང་ཚིག་འགའ་བྲིས་མེད་པ་དེར་ཅི་མ་ཉན་ནི་རེད། མིང་ཚིག་དེ་དག་གང་གང་རེད”ཅེས་དྲིས་བྱུང་། སངས་དོན་གྱིས་རེ་རེ་བཞིན་ལན་བཏབ་པ་ན་དགེ་རྒན་གྱིས“རེད། བཟང་གི དེ་རིང་འདི་འདྲའི་མགྱོགས་པོར་ཤེས་སོང་བ་ཅི་ཡིན”ཞེས་དྲིས་པ་ན། སངས་དོན་གྱིས་བཟང་མོའི་ཕྱོགས་ལ་མཛུབ་མོས་བསྟན་ཏེ“བཟང་མོ་མདང་ནུབ་ངེད་ཚང་ལ་ཡོང་ནས་ཁྲིད་པ་རེད”ཅེས་ཞུས་པ་ན། བཞི་སུམ་ཅུ་འཛིན་གྲྭའི་དགེ་སློབ་ཡོངས་དང་། ལྷག་དོན་དུས་རྒྱུན་ཁོ་གཉིས་ལ་ཁ་གཅུ་སྣ་གཉེར་བྱེད་པའི་སློབ་གྲོགས་ཕུ་རྡོ་དང་ཚེ་རྡོ་སོགས་ཀྱིས་ཀྱང“ཁྱེད་གཉིས་ནི་དངོས་གནས་དྲང་གནས་སློབ་གྲོགས་དང་མཛའ་གཅུགས་གྲོགས་པོ་ཟེར་བ་དེ་རེད”ཅེས་ཐལ་མོ་རྡེབ་སྒྲས་བཞི་སུམ་ཅུའི་འཛིན་གྲྭའི་སློབ་ཁང་ཡོངས་སུ་འུར་ཆིལ་ལེར་བཏང་།
དེ་ལྟར་བཟང་མོའི་རང་བཞིན་དྲང་ཞིང་ངང་རྒྱུད་འཇམ་པའི་བརྩེ་བ་དང་གཤིས་རྒྱུད་ནི། ཨ་མ་བཟང་མོའི་བྱམས་པའི་ལྷག་བསམ་དང་འབྲལ་ཐབས་མེད་པས། བཟང་མོའི་ཨ་མ་ལྷག་བསམ་བཟང་མོ་ཡང་སྐད་ཡིག་དགེ་རྒན་བཟང་པོ་ཞིག་ཡིན་སྟབས། བཟང་མོ་དང་སངས་དོན་གཉིས་ཀྱིས་ཀྱང་ཉིན་རེ་ནས་ཉིན་རེར་ཡིད་རྟོན་མ་བྲལ་བའི་ངང་སློབ་སྦྱོང་ལ་བློ་ཐག་རྦད་ཆོད་ཀྱིས་ཧུར་བརྩོན་བགྱིས་པས་སྦྱངས་འབྲས་ཀྱང་གོང་དུ་འཕེལ་བ་དང་། མུ་ནས་མཉམ་འགྲོ་མཉམ་འདུག་དང་། མཉམ་བཟའ་མཉམ་འཐུང་བྱེད་བཞིན། འཚོ་བའི་མདུན་ལྗོངས་ནི་རེ་ཞིང་སྙེག་པའི་ཕུགས་འདུན་ལ་གཏད་པས། མ་འོངས་པའི་བཟང་མོ་ནི་ཨ་མ་ལྷག་བསམ་བཟང་མོ་འདྲ་བ་ཞིག་ཏུ་འགྱུར་ངེས་ལ། ཨ་མ་ལྷག་བསམ་བཟང་མོ་ནི། འཇིག་རྟེན་གྱི་རླབས་ཆེ་བའི་ཨ་མ་ཡིན་ལ་སློབ་མ་རྣམས་ཀྱི་དགེ་རྒན་ཡང་ཡིན་སླད། དབྱངས་གསལ་སློབ་གྲྭའི་བཞི་སུམ་ཅུའི་འཛིན་གྲྭའི་ཤེས་རབ་ཀྱི་ས་བོན་ངོ་མ་དེ་ཡང་འདི་ཡིན་ངེས།
༦
བཞི་སུམ་ཅུའི་འཛིན་གྲྭའི་སློབ་མ་སངས་དོན་གྱི་སེམས་པའི་ཕྱི་ནང་ན་རྒྱུ་བའི་བཟང་མོ་ནི། སློབ་གྲོགས་ཡོངས་ཀྱི་མིག་ལམ་ན། ཞི་དུལ་བག་ཡོད་དང་གཞུང་རྒྱུད་ངང་བཟང་། ནམ་ཡང་གྲིམ་ལྷོད་རན་པའི་འགྲོ་འདུག་སྤྱོད་གསུམ་དང་། རིང་ཐུང་འཚམ་པའི་སྐྱེས་གཟུགས། ད་དུང་གནག་སྣུམ་ལན་བུའི་ལྕང་ལོ་དང་། གོར་གོར་ཟླ་བའི་བཞིན་འཛུམ། གསལ་ལ་མི་གསལ་བའི་མཁུར་ཚོས་ཀྱི་དམར་མདངས། སྨིན་ལ་མ་སྨིན་པའི་མཛེས་ཉམས་དོད་པའི་ལང་ཚོའི་གཞོན་ཤ་རྫོགས་པས། ཕོ་སེམས་མོ་ལ་ཟུག་པའི་གཞོན་སྐྱེས་སྟག་ཤར་སུ་ཡིན་རུང་། སྣང་བའི་ཁམས་ཀྱི་ཚ་བས་གདུངས་པ་མང་པོར། ངེས་མེད་ཀྱི་གྲུ་ཆར་ཞིག་གམ་དུས་མིན་གྱི་དཔྱིད་དཔལ་ཞིག་ཚེས་སུ་བཅུག་ནས་ཡོད།
དབྱར་གྱི་མཛེས་ལྗོངས་སྟོན་མཇུག་བད་ཀྱིས་ཟོས་ཤིང་། བསིལ་རླུང་དང་སུན་སྣང་ཐན་ཐུན་ངང་དུས་ཚིགས་རེ་རེ་ཤོག་ལྷེ་བཞིན་རྫོགས། དགུན་ཟླ་ཐ་མའི་ཁ་བ་ལེབ་མོ་ཞིག་འཐད་ལ་མི་འཐད་པའི་ངང་ས་རུ་ཟགས་ཀྱིན་འདུག་ལ། སློབ་རའི་ནང་གི་ཙན་དན་དཀར་པོའི་ལྗོན་ཤིང་དེ་རྒས་ཤིང་འཁོགས་ཏེ་ལོ་ཟླས་མནར་ནས་ཧོབ་ཀྱིས་བསྡད་པ་དང་ཀུན་ནས་མཚུངས། མིག་རྡེབ་དབང་ཙམ་གྱིས་དབྱངས་གསལ་སློབ་གྲྭའི་སློབ་སྐབས་གཅིག་ཁ་བ་ཆུ་ལ་འཐིམ་པ་བཞིན་ཡལ་སོང་།
རྡོག་སྒྲས་མ་ནོན་ཞིང་སེམས་ཀྱིས་མ་ཁུགས་པའི་དུས་ཚོད་ཀྱིས་ཁོང་དགོད་ཅིག་དང་མཉམ་དུ་འཁང་ར་དང་ལེ་བདའ་ཅི་འདྲ་བྱས་རུང་། སློབ་གྲོགས་བཟང་མོའི་ནང་སེམས་ཀྱི་འཆར་སྒོ་དང་། ཕྱིའི་རྣམ་འགྱུར་བཅོས་མ་དེ་མཐོང་མ་ཐག་སངས་དོན་གྱི་སེམས་ལ་ན་ཟུག་ཚ་བེར་བ་ཞིག་ལངས་བཞིན་ཡོད་པ་བཟང་མོ་མ་གཏོགས། སློབ་གྲོགས་གཞན་པར་ལྐོར་གྱུར་གྱི་གནས་ཚང་ལས་སྒྲོག་མཁན་སུ་ཡང་མ་མཆིས།
བཟང་མོའི་འཚར་ལོངས་ཀྱི་ཁོ་ལག་འཕེར་བའི་ལམ་ཁ་ན། སྐྲ་ལོ་རིང་ཐུང་འགྲིག་ཅིང་ནམ་རྒྱུན་རྐང་སྣམ་སྐྱ་བོ་གྱོན་པ་དང་། སྟོད་ལྭ་ནག་ཁྲ་དང་། གོང་ཁ་ནང་མར་ཕྲུགས་ཁྲ་བརྒྱབ་ཅིང་ཕུ་རུང་ནང་མར་ཡང་རིགས་འདྲ་བའི་ཕྲུགས་ཁྲ་ཅན་གྱི་མི་ཕོ། ལུས་པོ་ཅུང་རིད་ཅིང་སྨིན་མའི་རྫོང་མཐུག་པ། ཡ་མཆུའི་འགྲམ་གྱི་ཁ་སྤུ་ཐར་ཐོར་དང་། རྣ་རྒྱབ་ཀྱི་སྨེ་བ་ཆུང་ཆུང་དེ། མོ་སེམས་ཕོ་ལ་ཟུག་པའི་སྣང་བས་གནས་ག་ཤེད་ཅིག་དང་། མི་ག་ཙམ་ཞིག་ལ་བག་ཆགས་ཟབ་མོ་བཞག་ཡོད་མེད་ཀྱང་བཟང་མོ་ཁོ་ནས་མ་གཏོགས་སུས་ཀྱང་བརྗོད་ཐབས་བྲལ།
བཞི་སུམ་ཅུ་འཛིན་གྲྭའི་ལོ་མཇུག་སྤྱི་སྡོམ་ཁྲོད་དུ་བཟང་མོར་དབྱངས་གསལ་སློབ་གྲྭའི་ཨང་གཉིས་པ་ཐོབ་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་སངས་དོན་ཡང་ཨང་ལྔ་པར་སླེབས་འདུག དེར་བརྟེན་སློབ་བུ་ཁོ་གཉིས་ཀྱིས“དབྱངས་གསལ་སློབ་གྲྭའི་དགེ་རྒན་ཚོའི་ཡང་དག་པའི་སློབ་གསོའི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག”ཅེས་མཉམ་དུ་བཏོན་པ་ན། བཞི་སུམ་ཅུ་འཛིན་གྲྭའི་དགེ་སློབ་ཡོངས་ཀྱིས“ཁྱེད་གཉིས་ལ་བཀའ་དྲིན་ཆེ། དགེ་སློབ་ཡོངས་ལ་མིག་དཔེ་ཡག་པོ་བསྟན་སོང”ཞེས་ཁོ་གཉིས་ལ་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུ་བཞིན་ཡོད་ལ། ཕུ་རྡོ་དང་ཚེ་རྡོ་སོགས་ཀྱིས་ཀྱང་རང་རང་ས་ན་དགོད་འཛུམ་གྱིས་ཧད་དེ་ཅེར་འདུག་སྟབས། བཞི་སུམ་ཅུ་འཛིན་གྲྭའི་སློབ་ཁང་ནི་ལྷིང་ཞིང་འཇགས་པའི་མཛེས་ལྗོངས་ཀྱི་དབེན་གནས་ཉམས་དགའ་བ་ཞིག་ཏུ་གྱུར།
དེ་མུར་དགེ་སློབ་ཡོངས་ཡར་ལངས་ཏེ“མ་ཡུམ་དབྱངས་གསལ་སློབ་གྲྭ་ཡུན་གནས་ཤོག”ཅེས་རི་ཁ་བའི་ལྗོངས་ཀྱི་ཡུལ་ལུང་ཐམས་ཅད་གཙོས། ཕྱོགས་བཞིའི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ལྡན་ཞིང་། མི་རིགས་ཡོངས་ལ་མི་མཐུན་གནོད་པའི་མིང་ཙམ་མེད་པར། འགལ་རྐྱེན་མཐའ་དག་ཀུན་ནས་ཞི་ཞིང་འཇིག་རྟེན་ཐམས་ཅད་ལ་བཀྲ་ཤིས་པའི་དགེ་མཚན་གྱིས་ཁྱབ་ཅིང་། ནམ་ཡང་ཤེས་རིག་གི་སྒྲོན་མེ་ཕྱོགས་བཅུར་འབར་བའི་སྨོན་འདུན་གྱི་བྱ་གཞག་ནི་སེམས་ཁོང་ན་མེ་སྟག་བཞིན་ཙག་སྒྲས་ཁེངས་ལ། མེ་རི་བཞིན་ཚ་ལམ་ལམ་ངང་འོད་ཀྱིས་འབར་བའི་རྒྱུར་བསྔོས།
༧
དགེ་སློབ་ཚང་མས་ནམ་རྒྱུན་རེ་ཞིང་སྨོན་པ་ནི། དགེ་རྒན་ལྷག་བསམ་བཟང་མོ་ལྟ་བུའི་དགེ་རྒན་གྱི་དཔུང་སྡེ་བརྟན་པོ་ཞིག་དང་། སློབ་མ་བཟང་མོ་ལྟ་བུའི་སྤྱང་གྲུང་ཉིས་འཛོམས་ཀྱི་སློབ་བུ་རྣལ་མ། རྩོམ་རིག་སློབ་གསོའི་གཤིན་ས་སྣུམ་པོར། རྐང་བས་བྲོ་རྡུང་ཞིང་ལག་པས་གར་རྩེན་པ་ལྟར། ཀེར་ཀེར་རྣ་དང་། ཅེར་ཅེར་མིག་གིས་འཚོས་པ་ནི། དབྱངས་གསལ་སློབ་གྲྭའི་དགེ་རྒན་བཟང་མོའི་སེམས་སྒྲ་དང་། སློབ་མ་བཟང་མོའི་མདུན་ལྗོངས་ཀྱི་གོམ་སྒྲས་བཞེངས་པ་ཡིན་ངེས།
སློབ་གྲོགས་ཚང་མ་ཚ་ཚ་འུར་འུར་གྱིས་ཕ་ཡུལ་ལ་ལོག་པའི་རླངས་འཁོར་ལ་བསྡད་དེ་བུད་སོང་ལ། སངས་དོན་གྱིས་ཀྱང་སློབ་གྲྭའི་སྒོ་ཆེན་ཁ་ན་ཕ་ཡུལ་དུ་སྐྱོད་པའི་རླངས་འཁོར་ལ་སྒུག་བཞིན། ཞེ་ལ་འཐོག་པའི་སྨྲེང་སེམས་ཤིག་གམ་དགུན་གནང་སྐབས་ཀྱི་ལས་བྱར་འདང་རྒྱག་གིན་ཡོད་དམ། ཡང་ན། ཕྱི་མིག་གི་འཁྲེང་སེམས་བར་དུ་སློབ་རའི་ནང་གི་ཙན་དན་ལྗོན་པའི་དྲི་ངད་གང་ཡིན་ཅི་ཆ་ཡང་། བློས་མི་ཐོངས་པའི་དོན་དག་གང་ཞིག་ལ་བསམ་བློ་འཁོར་བཞིན་འདུག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注