ཤ་འཁོན།

ཕྱི་ལོ1949ལོར་འབྲི་ཆུའི་སྟོད་རྒྱུད་དུ་དགྲ་ཤ་འཁོན་ལན་གྱི་འཛིང་རྩོད་ཆད་མ་མྱོང་།

ལོ་དོན་བརྒྱད་ལ་སོན་པའི་ལུག་རྫི་བགྲེས་པོས་གྱང་ངོས་སུ་བཀལ་བའི་རླབས་ཆེན་གྱི་མི་སྣའི་པར་རིས་ལ་ལྟ་ཞོར། “ད་ལྟའི་དུས་རབས་ནི་ཅི་འདྲའི་བདེ་འཇགས་ཤིག་ཨང”ཞེས་ངག་ནས་ཤོར། དེ་ནས་སྐད་ཆ་ཅི་ཞིག་བཤད་གྲབས་བྱས་ཏེ་མཆུ་སྒྲོས་ལ་ལན་དུ་མར་ལྡག ཡལ་ག་ལྟར་འཁྱོག་པའི་ལག་ཟུང་དལ་གྱིས་བཏེགས་ཏེ། དལ་ལྷོད་ལྷོད་ངང་ཐེངས་གཅིག་མ་ཡིན་པར་བཤད་མྱོང་བའི་སྐད་ཆའི་མགོ་བསླངས།

“ཆོས་ཚེས་ཀྱིས་དངུལ་གྱི་གྲི་ཤུབས་སུ་བཅུག་པའི་གྲི་རིང་དེ་བླངས་ནས། དོན་བཟང་གི་སྙིང་ཁར་བསྣུན་སོང་། ད་གཟོད་ཆོས་ཚེས་ཀྱིས་དོན་བཟང་གི་ཨམ་ཕྲག་ལ་དམ་པོར་འཇུས་པའི་ལག་པ་གཞི་ནས་ལྷོད། མདུན་དུ་ལངས་པའི་དོན་བཟང་གཞི་ནས་ས་རུ་འགྱེལ། ཁྲག་དྲོན་དམར་པོ་གང་སར་འཁྱིལ། དོན་བཟང་གན་རྐྱལ་དུ་འགྱེལ། གདོང་གི་རྣམ་འགྱུར་ནི་དེ་ལས་ལྡོག་སྟེ་འཛུམ་མདངས་ཤིག་མངོན་འདུག ཁོས་བྲང་ཁའི་རྨ་ཁ་དང་ཁ་རུ་བརྡོལ་བའི་ཁྲག་དྲོན་ལ་འཇིགས་སྣང་ཡེ་ནས་མི་བྱེད། ཅེར་རེར་ཕྱེས་པའི་མིག་ཟུང་དུ་སྤྲིན་དཀར་གྱི་འདབ་མ་གཡོ་བ་མཐོང་ཐུབ”

དོན་བཟང་དང་ཆོས་ཚེས་ཀྱི་བར་དུ་བྱུང་བའི་དམར་གསོད་ཀྱི་དོན་རྐྱེན་དེ་ལུག་རྫི་ཆུང་ཆུང་གི་དངོས་མཐོང་ལག་ཟིན་གྱི་གནས་ཚུལ་ཡིན། ལུག་རྫི་ཆུང་ཆུང་དེ་རི་སྒང་དུ་འགོས་རྗེས་ལུས་པོ་འདར་ཞིང་། ལུག་ཁྱུ་ནི་ཁོ་རང་ཡིབ་སའི་ཕ་བོང་དུ་གྱུར། མི་གཉིས་པོ་ས་རུ་འགྱེལ་བ་མཐོང་བས་ཁོས་ལུག་ཁྱུ་བསྐྱུར་ནས་ཨ་མི་ཚོ་བའི་ཕྱོགས་སུ་བརྒྱུགས་ཏེ།“མི་བསད་སོང་། མི་བསད་སོང་། ཨ་བོ་དོན་བཟང་ཤི་ཚར་སོང”ཞེས་འབོད་ཅི་ཐུབ་བྱས།

ཚོ་བའི་མི་རྣམས་ལུག་རྫི་བུ་ཆུང་གི་རྗེས་སུ་འབྲངས་ཏེ། མི་གཉིས་དམར་འཛིང་བྱེད་སའི་ཡུལ་དངོས་སུ་སོང་། ཁོ་ཚོ་མ་ཐོན་པའི་ཡར་སྔོན་དུ་ཁོ་ཚོ་དང་རྒྱང་ཐག་སྤྱི་ལེ་བཞི་བཅུ་ཙམ་གྱིས་རིང་བའི་སྨད་མ་ཚོ་བའི་མི་རྣམས་དེར་ཐོན་ཡོད་པ་མ་ཟད། ཁོ་ཚོས་ཆོས་ཚེས་ཀྱི་ཕུང་བོ་སྔ་ནས་རྟ་ལ་བཀལ་ཏེ་བསྒུགས་འདུག དོན་བཟང་ནི་སྔར་ལྟར་གན་རྐྱལ་དུ་སར་འགྱེལ་འདུག དེར་སླེབས་པའི་མི་རྣམས་ཀྱིས་དོན་བཟང་གི་ཕུང་པོ་ཁྲག་འཁྱིལ་ནང་ནས་བླངས།

ཚོ་བ་གཉིས་ཀྱི་སྐྱེས་པ་ཚོའི་ལག་ཏུ་གྲི་རིང་རེ་བསྣམས་ཤིང་། གྲི་སོ་རུ་ཆུ་ཐིགས་ལྟ་བུའི་འོད་ཀྱིས་ཁྱབ། སྨད་མ་ཚོ་བའི་དཔོན་པོ་གྲལ་མགོ་རུ་ལངས་ཡོད་ལ་འཇིགས་སྣང་ཅི་ཡང་མི་འདུག ཚོ་བ་ཕྱོགས་གཉིས་ཀྱི་སྐྱེས་པ་རྣམས་བར་གདོང་མཆོང་གི་ཉམས་ཀྱིས་བརྟས་འདུག ལོ་ལྔ་བཅུ་ཟིན་ཚོད་ཀྱི་སྨད་མའི་ཚོ་དཔོན་གྱིས“དེ་རིང་ངའི་བུ་འབྲིང་བ་ཤི་སོང་། ངེད་ཚོ་བ་གཉིས་ཀྱི་དགྲ་གྱོད་དེ་ནམ་ཡང་མཇུག་རྫོགས་མི་སྲིད། ཁྱེད་ཅག་གི་བསྟན་པའི་བུ་ཆེ་བ་ཡང་ཤི་སོང་། ཁོ་གཉིས་ནི་དཔའ་བོ་རེད། ཁྱེད་ཅག་ར་མདའ་རུ་ཡོང་འདོད་ན་ང་དང་ཤུལ་དུ་ལྷག་པའི་བུ་གསུམ་པོ་འཚོལ་དུ་ཤོག དེ་རིང་ཁྱེད་ཅག་གི་ཚོ་དཔོན་གཡུལ་ས་རུ་ཡོང་མ་ཕོད་པས། དེ་རིང་ང་ཚོས་དཔའ་བོ་གཉིས་ཀྱི་བེམ་པོ་སོ་སོའི་ཚོ་བར་འཁུར་ཏེ་འདས་མཆོད་བསྒྲུབ”ཅེས་བཤད་དེ་ཁ་ཕྱིར་འཁོར་ནས་བེམ་པོ་བཀལ་བའི་རྟ་ཁ་ཁྲིད་དེ་བུད་སོང་། གོམ་པ་འགའ་ཤས་སོང་རྗེས་ཁ་ཕྱིར་འཁོར་ནས་སྐད་ཆེན་པོས“བསྟན་པའི་བུ་ཁྱོད་ཀྱིས་ཉོན། ངེད་ཅག་བར་དུ་བྱུང་བའི་དགྲ་ཤ་འདི་མ་ལོན་ན་ང་རང་དགར་མི་འདུག་ཁོ་ཐག་ཡིན”ཞེས་མནའ་དང་བཅས་བཤད།

ཨ་མི་ཚོ་བའི་མི་རྣམས་ཀྱིས་དོན་བཟང་གི་བེམ་པོ་རང་གི་ཚོ་བ་རུ་ཁྱེར། ལམ་བར་དུ་ངུ་འབོད་ཅིག་གིས་འགྲོ་ལམ་བཀག

“དོན་བཟང་། འཇིགས་སུ་རུང་བའི་ཉི་མ་དེ་རིང་ཐུག་བྱུང་། ཁྱོད་ངའི་བུ་ཆེ་བ་རེད། ཁྱོད་མེད་ན་ངས་ཅི་ཞིག་བྱ”ཞེས་དོན་བཟང་གི་ཨ་མས་བུ་ཆུང་གཉིས་ཁྲིད་དེ་དོན་བཟང་གི་བེམ་པོར་འཐམ་ནས་ངུས།

ཚོ་བའི་མི་མང་པོ་སླེབས་སོང་། ཨ་མིའི་དཔོན་པོ་ཡང་སླེབས་ཤིང“མཚོ་མོ། ད་མ་ངུ་རོགས། འདི་ལྟར་ངུས་ན་ཤི་བོར་གནོད། བསྟན་པ་དཔའ་བོ་ཞིག་རེད། བུ་དོན་བཟང་ཡང་དཔའ་བོ་ཞིག་རེད། ཁོས་ཕ་ཡི་དགྲ་ཤ་བླངས་ཡོད། འུ་ཅག་གི་ཚོ་བའི་དཔའ་བོ་ཡིན། ད་ལྟ་ང་ཚོ་ཕྱིར་ཡུལ་དུ་ལོག་ནས་འདས་མཆོད་བསྒྲུབ”ཅེས་མོར་སེམས་གསོའི་ཚུལ་དུ་བཤད།

བསྟན་པ་དང་དོན་བཟང་ཕ་བུ་གཉིས་གྱིས་འཕྲོ་རིམ་འཕྲོར་དགྲ་ཤའི་དོན་དུ་ཚེ་སྲོག་ཤོར། སྐྱེས་པ་གཉིས་སྔ་རྗེས་སུ་ཤོར་བའི་ཁྱིམ་ཚང་འདི་ལ་སྐྱོ་གདུང་གི་མུན་པ་འཐིབས་ནས་ཡོད།

ཞེ་དགུ་རྫོགས་སོང་།

བུ་འབྲིང་བ་མཁྱེན་རབ་ལུས་པོ་རིད་པར་གྱུར་ཞིང་། སྨ་ར་གཟེངས་ཤིང་མཁུར་ཚོས་འབུར་དུ་ཐོན། ཕ་དང་སྤུན་ཟླའི་ཤ་འཁོན་སེམས་སུ་ཉར་ཏེ་སྡང་སེམས་ཀྱི་མེ་ལྕེ་ལམ་ལམ་འབར། རིམ་བཞིན་སྐད་ཆ་ཅི་ཡང་མི་བཤད་ཅིང་ཁྲོ་སླ་བ་ཞིག་ཏུ་གྱུར།

མ་རྒན་མཚོ་མོས་བུ་ཆུང་ལ་སེམས་ཁྲལ་བྱས། གཞན་ཕན་གྱིས་ཨ་མའི་མིག་ཆུ་འབྱིད་པ་དང་སྐད་གདངས་དམའ་མོས“ང་ཚོ་སྐོར་བ་བྱེད་དུ་འགྲོ”ཞེས་སེམས་གསོ་བྱེད། སྐོར་བར་འགྲོ་ཐེངས་རེར་ཁོང་ཚོར་སེམས་པ་ངལ་དུ་གསོ་བའི་དུས་ཚོད་ཅིག་ཡོད་ལ། སེམས་སུ་མནར་བའི་སྡུག་བསྔལ་དེ་རེ་ཞིག་ཕྱིར་འབྱིན་ཐུབ།

“ཚོ་བ་སོ་སོ་མཉམ་འབྲེལ་བྱས་ཏེ། ཆུ་ཤུར་ཁྱུང་གི་ཤར་དང་མགོ་ལོག་ས་མཚམས་འཕྲོག་རྩོད་ཀྱི་རྙོག་དྲ་ཐོན་པས། ནང་ཆེན་རྒྱལ་པོས་དམག་གི་སྣེ་ཁྲིད་དེ་ཚོ་བ་སོ་སོའི་སྐྱེས་པ་ཐམས་ཅད་དམག་ལ་ཞུགས་དགོས། སྨད་མ་ཚོ་བ་ཡང་དེར་འདུ། ཨ་མི་ཚོ་བས་གནས་ཚུལ་ལ་དམིགས་ནས་མཁྱེན་རབ་དང་གཞན་ཕན་གཉིས་རེ་ཞིག་དམག་ལ་མི་ཞུགས་པར་ཐག་བཅད་པ་ཡིན།”

“ཁྱེད་ཚོས་ནོར་ཁྲལ་འཇལ་བས་ཆོག”ཅེས་ཨ་མི་ཚོ་དཔོན་གྱིས་གནས་ཚུལ་དག་གཅིག་ཀྱང་མ་ལུས་པར་བསྒྲགས།

མཁྱེན་རབ་ཀྱིས་མགོ་བོ་དང་གར་སྨད།  ཨ་མ་མཚོ་མོའི་མིག་མཐའ་མཆི་མས་བསྐོར།

ཨ་མི་ཚོ་དཔོན་གྱིས“ཁྱེད་ཀྱི་བུ་ས་མཚམས་འཕྲོག་རྩོད་ཀྱི་དོན་དུ་འཆི་མི་རུང་། ཁོང་ཚོ་ལ་དགྲ་ཤ་ལེན་རྒྱུ་ཡོད། དགྲ་ཤ་ལེན་རྒྱུ་ཡོད”ཅེས་སྐད་ཆ་ཁ་སྣོན་བྱས།

གཞན་ཕན་གྱིས་མགོ་བོ་གཡུག་ཙམ་བྱས་ཏེ། སོ་སྒྲ་འཆའ་བཞིན་སེམས་ཀྱི་ཤ་འཁོན་དང་ཆོད་སེམས་སྙིང་ལ་བརྐོས། ཨ་མ་མཚོ་མོས་བཟོད་མ་ཐུབ་པར་ངུ་ངག་ཤོར། མོའི་ངུ་སྐད་ནི་ཤ་འོད་དང་འདྲ་ལ། སེམས་སུ་ཡུན་རིང་ཉར་བའི་སྡུག་བསྔལ་དང་སེམས་ཁྲལ་དག་སྐད་ཅིག་ཉིད་ལ་ཡོངས་སུ་བརྡོལ།

ཞོགས་པར། མཁྱེན་རབ་ཀྱིས་འུར་ཆ་ཁྱེར་ནས་ནོར་ཁྱུ་རི་ལ་དེད། གཞན་ཕན་དང་སྒྲོལ་དཀར་འཚོས་འདམ་གྱིས་རྩིག་པ་གསོས། ཨ་མ་མཚོ་མོས་ལྗིད་ཅིང་དུབ་པའི་གོམ་ཁ་མ་ཎི་རྡོ་ཕུང་གི་ཕྱོགས་སུ་སྤོས། གླིང་ཚང་གི་བུད་མེད་འགས་མ་ཎི་སྐོར་བཞིན་ཁ་ལས་རྡབ་རྡིབ་ཅིག་བཤད་ཀྱིན་འདུག

“སྐྱེས་པ་ཚོ་དམག་ལ་ཆས་སོང་། འུ་ཚོས་ནི་ཁོ་ཚོ་བདེ་འཇགས་ངང་ཕྱིར་ལོག་པར་གསོལ་བ་དང་སྨོན་ལམ་འདེབས་རྒྱུ་ལས་ཐབས་གཞན་ཅི་ནུས།”

“སྨད་མ་ཚོ་བའི་བུ་གསུམ་ས་རྩོད་ཀྱི་དམག་ལ་ཞུགས་མ་དགོས་པར་ཁྱིམ་དུ་བསྡད་ཡོད་ཟེར།  དེ་ནི་ཚོ་དཔོན་གྱི་དམིགས་བསལ་ལྟ་སྐྱོང་རེད།”བུད་མེད་ཅིག་གིས་དེ་ལྟར་བཤད།

ཨ་མ་མཚོ་མོས་སྐད་ཆ་དེ་ཐོས་འཕྲལ་གློ་བུར་མགོ་བོ་ཡར་དགྱེ་སྟེ། སར་དྲུད་པའི་ལྭ་བའི་ཐུ་སྣེ་ཡར་བཀྱགས་ཏེ་བུད་མེད་དེ་དག་གི་གམ་དུ་བསྙེགས་ནས“ཁོ་ཚོ་དམག་ལ་མི་ཆས་པར་ཅི་ཞིག་བྱ་འམ། བུ་གསུམ་གྱིས་ཅི་ཞིག་བྱ་འམ”མཚོ་མོས་བྲེལ་འཚུབ་ཀྱིས་དེ་ལྟར་དྲིས།

“གོ་ཐོས་ཡིན་ན། ཁོ་ཚོ་ཤི་འཕོས་པའི་སྤུན་ཟླའི་ཆེད་དུ་ལྷ་སར་ཆོས་མཇལ་དུ་འགྲོ་རྒྱུ་རེད་ཟེར།”བུད་མེད་དེས་ལན་དེ་ལྟར་བསློགས།

ཨ་མ་མཚོ་མོས་སྐད་ཆ་དེ་ཐོས་རྗེས་སྐད་ཆ་གཞན་གང་ཡང་མ་དྲིས། ས་དེར་ཙོག་ཅིང་ལྭ་བའི་ཨམ་ཕྲག་ཕལ་ཆེར་ས་རུ་ཟགས། མོ་སླར་ཡང་བསམ་གཞིག་གི་ནང་དུ་ལྷུང་མགོ་ཚུགས།

ཉིན་གཞུང་གི་ཉི་མའི་འོད་ཐིག་ཨ་མ་མཚོ་མོའི་མགོ་ལ་འཕྲོས། མོའི་མགོ་བོ་ནག་འཐོམ་འཐོམ་བྱེད་པས་མགོ་ཡོམ་འཁོར་བ་ཤེས་ཏེ་དལ་མོར་ཕྱིར་ཁྱིམ་དུ་ལོག

ས་རུབ་དུས་མཁྱེན་རབ་ཀྱིས་ནོར་ཁྱུ་ལྷས་སུ་བསྐོར། ཁྱིམ་དུ་གློག་བཀར་བ་ན་མི་གསུམ་གྱི་གྲིབ་གཟུགས་དག་གྱང་ངོས་སུ་འཕྲོས། གྱང་ངོས་ཀྱི་གྲིབ་གཟུགས་འདར་ཞིང་གཡོ་བ་ལས་བྱ་དངོས་གཞན་དག་ལ་གཡོ་འགུལ་ཅི་ཡང་མི་འདུག  ཨ་མ་མཚོ་མོས་སྐད་གསང་དམའ་མོས།

“ང་ལྷ་མོ་ཚང་ལ་སྤོ་རྒྱུ་ཡིན། ནོར་ཁྱུ་ཁོ་ཚང་ལ་འཚོ་རུ་བཅུག་ཆོག ”

“ཨ་མ་ཁྱོད་ཀྱིས་ཅི་ཞིག་བྱ་འདོད་དམ”གཞན་ཕན་གྱིས་དྲིས།

“ཁྱེད་གཉིས་ལྷ་སར་སོང་། ནངས་ཀ་སྟ་གོན་བྱས་ཏེ་གནངས་ཉིན་ལམ་ལ་ཆས་དགོས”

“ཨ་མ། ངེད་གཉིས་ལྷ་སར་སོང་ནས་ཅི་བྱ”མཁྱེན་རབ་ཀྱིས་ཀྱང་དེ་ལྟར་དྲིས།

ཨ་མ་མཚོ་མོས་མིག་ནས་མཆི་མ་འདོན་བཞིན་ངུས་པས་བུ་ཕྲུག་གཉིས་ཀྱིས་མུ་མཐུད་དུ་འདྲི་སྤོབས་མ་བྱུང་།

ཨ་མ་མཚོ་མོས་ལག་གཡས་པས་མིག་ཆུ་འབྱིད་ཅིང་གཡོན་པས་ཕྲེང་བ་བགྲང་ཞོར“སྨད་མ་ཚོ་བའི་བུ་གསུམ་ལྷ་སར་ཆས་ཟིན། ཁྱེད་གཉིས་ཀྱང་ལྷ་སར་འགྲོ་དགོས”ཞེས་བཤད།

“ཨ་མ། ལྷ་སར་ང་གཅིག་པུ་སོང་ཡང་ཆོག མཁྱེན་རབ་ཁྱིམ་སྡོད་བྱོས། ཁྱིམ་ལ་སྐྱེས་པ་ཞིག་མེད་ན་མི་རུང”གཞན་ཕན་གྱིས་དེ་ལྟར་བཤད།

“ངས་ལྷ་ས་ནས་ཁོ་གསུམ་འཚོལ། གཞན་ཕན་གྱིས་ཁྱིམ་གྱི་ལས་ཀ་བྱོས”མཁྱེན་རབ་ཀྱིས་དགྲ་ཤ་ལེན་པར་ཁོ་རང་འགྲོ་བར་ཁས་འཆེས་པ་ན།ཨ་མ་མཚོ་མོ་མུ་མཐུད་དུ་ངུས། མོ་ད་ཐེངས་ངུ་དོན་ནི་བུ་གཉིས་ཀྱིས་འདི་ལྟར་ཕན་ཚུན་གྱི་ཚེ་སྲོག་གོང་དུ་བཀུར་བར་སེམས་འགུལ་ཐེབས་པས་ཡིན།མཚམས་དེར་ཨ་མ་མཚོ་མོ་ངུ་མཚམས་བཞག་སྟེ་བློ་སེམས་ཆོད་པོས“རེབ་འདིར་ངེས་པར་ངའི་ཁ་ལ་ཉན་དགོས། ཁྱེད་གཉིས་ཀ་ངེས་པར་འགྲོ་དགོས།”

བུ་གཉིས་ཀྱིས་སྐད་ཆ་བཤད་འདོད་བྱུང་ཡང་། ཨ་མ་མཚོ་མོས་མིག་བཙུམས་ཏེ་ཨུ་ཚུགས་ཀྱི་རྣམ་འགྱུར་ཞིག་བསྟན་པས། ཁོ་གཉིས་ཀས་སྡུག་བསྔལ་གྱིས་མནར་བའི་ཨ་མར་སྐད་ཆ་ཚིག་གཅིག་ཀྱང་ཞུ་མ་ནུས།

མུན་ནག་འཐིབས་པའི་ཁང་པའི་ནང་དུ་ཁོ་མ་བུ་གསུམ་པོ་རང་རང་སར་ཉལ། རང་རང་ས་ན་སེམས་དོན་གང་ཞིག་ལ་འདང་རྒྱག་བཞིན་དབེན་ཐིང་ཐིང་གི་མཚན་ཐུན་བསྐྱལ།

ཕྱི་ཉིན་ནམ་གསལ་མ་ཐག་ཨ་མ་མཚོ་མོ་སྒོར་བུད། ཉི་མ་རི་རྩེར་འཕྲོས་རྗེས་དབུགས་ཧལ་བཞིན་ཁྱིམ་དུ་ལོག་སྟེ་གཞན་ཕན་དང་མཁྱེན་རབ་གཉིད་ལས་དཀྲོགས། ཁོ་གཉིས་ཀྱིས་ལྭ་བ་གྱོན་རྗེས་ཨ་མ་མཚོ་མོའི་ངོ་མདོག་དམར་པོར་གྱུར་བ་མཐོང་བས་མདང་གི་དོན་དག་རྣམས་ཝ་ལེར་དྲན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་ཨ་མ་མཚོ་མོའི་ལག་ཏུ་ཤིང་གི་གྲི་ཤུབས་སུ་བཅུག་པའི་གྲི་རིང་གཉིས་ཐོགས་འདུག གཞན་ཕན་གྱིས་ཨ་མའི་ལག་གི་གྲི་རིང་བླངས་ནས་མཁྱེན་རབ་ལ་ལྟ་ཞོར“ང་ལྷ་སར་འགྲོ། ཁྱོད་དང་ཨ་མ་གཉིས་ཁྱིམ་དུ་སྡོད”ཅེས་བཤད།

མཁྱེན་རབ་ཀྱིས་གཞན་ཕན་གྱི་ལག་གི་གྲི་རིང་འཕྲོག་གྲབས་བྱས་ཀྱང་གཞན་ཕན་གྱིས་གྲི་རིང་དེ་གཉིས་བྲང་ཁར་བསྡམས་ནས་བཏང་མ་བྱུང་། སྐབས་དེར་མཁྱེན་རབ་ཁ་ཕྱིར་འཁོར་ནས་ཨ་མ་མཚོ་མོའི་ངོ་ལ་བལྟས་ཀྱང་། ཨ་མ་མཚོ་མོས་གཞན་ཕན་སྒོར་ཁྲིད་ནས་སྐད་དམའ་མོས་མང་པོ་ཞིག་ལབ་པ་དང་། དེ་མ་ཐག་གཞན་ཕན་གྱི་ལག་གི་གྲི་རིང་ཕྲོགས་ཤིང་གྲི་བཏོན་ཏེ་གྲི་སོ་རང་གི་མགྲིན་པར་གཏད། མཁྱེན་རབ་འཇིགས་སྐྲག་ངང་སྒོ་ཁར་བརྒྱུགས་ཏེ་ངུ་སྐད་འདོན་བཞིན“ཨ་མ། ཨ་མ” ཞེས་བོས། ངུ་སྐད་དེས་ཨ་མ་མཚོ་མོའི་སྡུག་གིས་མནར་བའི་སེམས་པ་རྨང་ནས་བཅོམ། མཚོ་མོས་ཇི་ལྟར་བྱས་ཀྱང་གྲི་རིང་དེ་མ་ལྷོད་པས་གཞན་ཕན་འུ་ཐུག་སྟེ་ཨ་མ་མཚོ་མོར་ཡོད་ཚད་ཁས་ལེན་ཤོར།

“ཨ་མ། ཨ་མ། མཁྱེན་རབ་ངེད་དང་མཉམ་དུ་ལྷ་སར་འགྲོ”ཞེས་གཞན་ཕན་གྱིས་ངུ་སྐད་འདོན་བཞིན་དེ་ལྟར་ལབ།

གཞན་ཕན་གྱིས་མིག་ཆུ་འབྱིད་བཞིན་མཁྱེན་རབ་ཀྱི་ལག་པར་འཇུས། ཨ་མ་མཚོ་མོས་ད་གཟོད་སེམས་ལྷོད་དེ་ལག་གི་གྲི་རིང་ས་རུ་གཡུགས། མཁྱེན་རབ་ཀྱིས་མགྱོགས་པོར་གཞན་ཕན་གྱི་བཀོད་སྒྲིག་ལྟར་སྒྲོ་བའི་ནང་དུ་མར་དང་རྩམ་པ། ཤ་སྐམ་སོགས་བླུགས།

མཁྱེན་རབ་སྤུན་གཉིས་ཀྱིས་རྐེད་པར་གྲི་རིང་ཐོགས་ཤིང་མི་རེས་རྟ་རེ་ཁྲིད། གཞན་ཕན་ཨ་མ་མཚོ་མོའི་གམ་དུ་ཡོང་སྟེ་ཨ་མ་ལ་ཐོད་པ་གཏུགས་ནས་གྱེས་ཕྱག་ཕུལ། ཨ་མར་ཁས་བླངས་པའི་ཆོད་སེམས་ཡིད་ལ་དམ་པོར་བཅངས། མཁྱེན་རབ་ཨ་མར་འཁྱུད་དེ་ཡུན་རིང་དུ་ངུས། ཨ་མ་མཚོ་མོས“ཁྱོད་ཀྱིས་གཞན་ཕན་གྱི་ངག་ལ་ཉོན། ཁོ་ཁྱོད་ཀྱི་ཕུ་བོ་རེད”ཅེས་བཅོལ་གདམས་བྱས། གཞན་ཕན་གྱིས་རྟ་ཁལ་དེད་དེ་མདུན་དུ་སོང་། ཁལ་མའི་སྣ་ཤུར་གྱི་སྒྲ་དང་རྟ་ཕོའི་རྨིག་སྒྲ། མཚོ་མོའི་ངུ་འབོད་ཀྱི་སྒྲ་རྣམས་གཞི་གཅིག་ཏུ་འདྲེས་ཏེ་གྱེས་བྲལ་གྱི་རོལ་དབྱངས་ཤིག་ཏུ་གྲུབ།

སྤུན་གཉིས་ཀྱིས་ཁལ་མ་དེད་ནས་བུད་སོང་། རྒྱང་རིང་གི་རི་སྒང་དུ་ཟུག་པའི་ལམ་གྱི་ཕྱོགས་སུ་ཆས། ཁལ་མ་ཁེར་རྒྱུག་བྱེད་ཚེ་གཞན་ཕན་གྱིས་ཕྱིར་ཚོགས་སུ་འདེད། ལམ་བར་དུ་རྫོགས་དཀའ་བའི་རི་ལུང་དང་འཛད་མཐའ་མེད་པའི་ཆུ་ཀླུང་བརྒྱུད། གཡག་རྒོད་ཚོས་རང་རང་གི་རྒྱབ་ཏུ་བཀལ་བའི་སྒྲོ་སྣོད་ཁུར་ཏེ་མདུན་དུ་སྐྱོད། མགོ་ཐོག་གི་ནམ་མཁར་སྐར་ཚོམ་ལམ་ལམ་འཚེར་བའི་མཚན་མོ་དང་། ཆར་བ་ཤག་ཤག་འཇོ་བའི་ཉིན་མོ་ཡོད་ལ། མཚམས་འཇོག་མེད་པའི་རྐང་པའི་འདེགས་འཇོག་གི་བར་ནས་ཉིན་མཚན་བརྗེ་རེས་ཀྱི་ཁ་དོག་བསྐྲུན་ཞིང་། གནམ་གཤིས་འགྱུར་ལྡོག་གི་བྲོ་གར་འཁྲབ། ཁོང་གཉིས་དེ་ལྟར་ཉིན་ཞག་མང་པོར་དབུས་ལམ་རིང་མོར་ཞུགས།

མཚན་མོ་དེར་སྤྲིན་ནག་ལང་ལོང་འཁྲིགས་ཏེ་དྲག་ཆར་བརྡོལ། སྤུན་གཉིས་དེའུ་འབུར་གྱི་མཁྲིས་སུ་ངལ་གསོ་བྱས།

ཞོགས་པར་ནམ་གསལ་བ་ན། ཕ་གིའི་རི་ངོས་སུ་སྨུག་པ་ལང་ལོང་དུ་འཁྲིགས། སྣམ་བུའི་ཕྱིང་བ་མཐུག་པོའི་འོག་ཏུ་མཚན་གང་བོར་ཆར་ཆུར་ཡིབ་པས། སྤུན་གཉིས་ཀྱི་ལྭ་བ་དང་ལུས་ལ་བརླན་ཐིག་མེད། ཁོང་གཉིས་ཀྱིས་ལྭ་བ་གྱོན་ཏེ་གྲི་རིང་བཏགས། བཏུང་ཇ་མེད་ཀྱང་སྒྲོ་བ་ལས་ཤིང་ཕོར་བླངས་ཏེ་རྩམ་པ་བརྫིས་ཏེ་ཟོས། གཞན་ཕན་གྱིས་གློ་བུར་དུ་རྩམ་པ་ཟ་མཚམས་བཞག་སྟེ་ན་བུན་ཁྲོད་དུ་མངོན་པའི་རབ་རིབ་ཀྱི་གཟུགས་བརྙན་ལ་ཅེར། ཁོས་ལག་གི་ཤིང་ཕོར་ས་རུ་བཞག་སྟེ་གཟེངས་ཡོད་པའི་སྐྲ་ལོ་རྒྱབ་ཏུ་གཡུགས། སྐེད་པར་དྲངས་པའི་གྲི་རིང་དམ་དུ་བཅངས་ནས་རི་དྭགས་ཀྱིས་རྔོན་པ་མཐོང་བའི་ཚོར་བ་ལྟར་མིག་ཟུང་རྣོན་པོས་ཕ་གིའི་ཕྱོགས་སུ་བལྟས། དུས་དེར་མཁྱེན་རབ་ཀྱིས་ཀྱང་ཤིང་ཕོར་ས་རུ་བཞག་སྟེ་ལག་པས་གྲི་རིང་ཤུགས་ཀྱིས་བཅངས། ན་བུན་ཁྲོད་ཀྱི་གྲིབ་གཟུགས་དེ་ཇེ་ཆེར་སོང་སྟེ་མཐར་བོད་ལྭ་རྙིང་ཧྲུལ་གྱོན་པའི་སྐྱེས་པ་གཉིས་སུ་གྱུར། ཞལ་མདོག་སེར་པོ་དང་ལུས་པོ་རིད་པས་ཤ་འཁོན་པ་ཞིག་དང་གཏན་ནས་མི་འདྲ། རྐེད་པར་གྲི་རིང་བཏགས་མེད་ཅིང་ཕུ་ནུ་གཉིས་སར་ལྟ་བཞིན་ཡོང་། ཕུ་ནུ་གཉིས་ཀྱིས་ལག་གི་གྲི་རིང་དམ་པོར་བཅངས། ཕ་གིའི་མི་དེ་གཉིས་ཁོང་གཉིས་དང་ཐག་ཇེ་ཉེ་རུ་སོང་བ་ན། དེའི་ཁྲོད་ཀྱི་ལུས་ལ་མཚོན་འགོག་གྱོན་ཞིང་རྐེད་པར་གྲི་བཏགས་ཡོད་པའི་སྐྱེས་པ་དེས“ཨ་ཧོ། ངེད་གཉིས་ནི་ལམ་འདྲི་མཁན་ཡིན། སྐྲག་དགོས་དོན་མེད”ཅེས་ཟེར་བཞིན་ལག་ཟུང་སོ་སོར་ཕྱེ་བས་ཚུར་རྒོལ་མི་བྱེད་པའི་བརྡ་བསྟན།

གཞན་ཕན་གྱིས་མུ་མཐུད་གྲི་མགོར་དམ་པོར་བཅངས་ཀྱང་མཁྱེན་རབ་ཀྱིས་གྲི་མགོ་གློད་དེ“ངེད་གཉིས་ཀྱང་མགྲོན་པོ་ཡིན།དེ་བས་ཀྱང་ལམ་རྒྱུས་མེད”ཅེས་ལན་བཏབ། “ངེད་གཉིས་རྐུན་མའི་ར་མདའ་ཡིན། རྐུན་མས་དཔོན་ཚང་གི་རྒྱུ་ནོར་བརྐུས་ཏེ་ལྷ་སའི་ཕྱོགས་སུ་བྲོས། དཔོན་པོས་ངེད་གཉིས་ར་མདར་མངགས”ཞེས་མདའ་འགོག་གྱོན་པའི་སྐྱེས་པ་དེས་དེ་ལྟར་ལབ།

གཞན་ཕན་གྱིས་ལག་པས་གྲི་མགོ་མི་གློད་པར“མི་དུ་བྲོས་སོང”ཞེས་དྲིས།

“སྐྱེས་པ་གཅིག་དང་བུད་མེད་གཅིག” སྐྱེས་པ་གཞན་དེས་ལན་བསྐྱོན། མདའ་འགོག་གྱོན་པའི་སྐྱེས་པ་དེས་ཁོ་ལ་མིག་གིས་ཅེར་བས་དེས་ཅི་ཡང་བཤད་མ་ཕོད།

ང་ཚོས་ར་མདའ་ཆོད་ན། “དཔོན་པོས་ངེད་ཅག་ལ་བྱ་དགའ་གཡག་གཅིག་གནང་ངེས། ང་ཚོས་ཉིན་གསུམ་རྗེས་སུ་བདས་ཀྱང་། ལམ་བར་དུ་རྟ་རྨིག་གི་རྗེས་ཐར་ཐོར་དང་ཟ་མ་ཟོས་ཤུལ་གྱི་རུས་པ་མ་གཏོགས་ཅི་ཡང་མ་མཐོང་། ད་ཉིན་ཁ་ཤས་སོང་ན་རྗེས་ཆོད་ངེས་སྙམ།”

“ཁོང་ཚོ་ལ་ལམ་རྒྱགས་མང་པོ་ལྷག་མེད།” སྐྱེས་པ་གཞན་དེས་ཁ་སྣོན་གྱི་ཚུལ་དུ་བཤད།

“ངེད་གཉིས་ཀྱིས་མཐོང་མ་བྱུང་། མདང་ནུབ་དྲག་ཆར་རྒོད་པས་ཅི་ཡང་མི་མཐོང”མཁྱེན་རབ་ཀྱིས་ལན་སྤྲད།

མདའ་འགོག་གྱོན་པའི་སྐྱེས་པ་དེས་བསམ་བཞིན་མ་ཡིན་པར་མིག་ཟུང་གིས་ས་ལ་བཞག་པའི་ཤིང་ཕོར་ནང་གི་རྩམ་པར་ཅེར། གཞན་ཕན་གྱིས་དོགས་ཟོན་གྱིས“ངེད་གཉིས་ལྷ་སར་འགྲོ་དགོས། ངེད་གཉིས་ལའང་ལམ་རྒྱགས་འདང་ཙམ་ཡིན”ཞེས་སྐད་ཤུགས་ཆེན་པོས་འགྲེལ་བཤད་བྱས།

མཁྱེན་རབ་ཀྱིས་ད་དུང་གྲི་མགོ་གློད་མི་འདུག

རྒྱུས་མེད་ཀྱི་སྐྱེས་པ་གཉིས་ཀྱིས་ཕུ་ནུ་གཉིས་ཀྱིས་དོགས་ཟོན་བྱེད་ཀྱིན་ཡོད་པ་ཤེས་པས་མདའ་འགོག་གྱོན་པའི་སྐྱེས་པ་དེ་ཕྱི་ལ་གོམ་གང་ནུར། སྐྱེས་པ་གཞན་དེ་ཡང་ཕྱིར་ནུར། དེ་ལྟར་སྐྱེས་པ་གཉིས་ཕུ་ནུ་གཉིས་དང་གྱེས་ཏེ། ན་བུན་གྱི་ཁྲོད་དུ་མི་མཐོང་བ་གྱུར།ན་བུན་རིམ་གྱིས་དྭངས་ནས་ཉི་འོད་ཀྱང་ནམ་མཁའི་དབྱིངས་སུ་འཕྲོས། ཕུ་ནུ་གཉིས་ཀྱིས་རྟ་ཁལ་འགེལ་གྲབས་བྱེད་སྐབས་གཟོད་རྟ་གཉིས་བོར་སོང་བ་ཤེས། བརླན་ཆེ་བའི་སྤང་ཐོག་ཏུ་རྟ་གཉིས་ཀྱི་་རྨིག་རྗེས་གསལ་བོར་ཡོད་པ་མཐོང་།

“ལམ་དུ་ཐུག་པའི་མི་སུ་དང་གང་ལའང་སེམས་ཆུང་བྱ་དགོས། གལ་སྲིད་རྐུན་མས་ངེད་ཅག་འཕྲོག་བཅོམ་བྱས་ན། ངེད་ཅག་གིས་ལག་པ་ལྷོད་མི་རུང”གཞན་ཕན་གྱིས་མཁྱེན་རབ་ལ་དྲན་སྐུལ་བྱས།

མཁྱེན་རབ་ཀྱིས“སར་བཞག་པའི་ཤིང་ཕོར་ལེན་ཞོར་ངེད་གཉིས་ལས་གཅིག་ངེས་པར་དུ་གསོན་དགོས”ཞེས་བཤད།

ཕུ་ནུ་གཉིས་ཕན་ཚུན་ཅི་ཡང་མི་བཤད་པར་རྩམ་པ་ཟོས། དེ་ནི་ནོར་གཉིས་ཀྱིས་ཁ་ལྡད་བྱེད་པ་དང་མཚུངས།

ཕུ་ནུ་གཉིས་སླར་ཉིན་ཞག་བཅུ་གྲངས་ཀྱི་ལམ་ཁར་སོང་། གཡག་ལ་བཀལ་བའི་སྒྲོ་བའི་ནང་གི་ལམ་རྒྱགས་ཕྱེད་ཀ་ཙམ་ལས་ལྷག་མེད། མཚན་མོ་དེར་ཕུ་ནུ་གཉིས་ནགས་གསེབ་ཤིག་ཏུ་བསྡད། རྒྱང་རིང་ནས་ལྡང་བའི་རླུང་བུས་སྡོང་ལོ་བསྒུལ་ཚེ། གཡས་གཡོན་ནས་ལྐོག་ལྟ་བྱེད་པ་དང་འདྲ། གཞན་ཕན་སྣམ་བུའི་ཕྱིང་བ་རུ་འཛུལ་ནས། མིག་ཟུང་གིས་ཤིང་སྡོང་ལ་ཅེར། དེ་ནས་ནམ་མཁའ་རུ་བལྟས། མཁའ་རུ་བཀྲ་བའི་སྐར་ཚོགས་ནི་བོད་ཀྱི་ཡིག་འབྲུ་རེ་རེ་ཡིན་ལ། མཁའ་དབྱིངས་སུ་ཤ་འཁོན་ཞེས་པའི་ཐ་སྙད་ཀྱིས་ཁེངས་པ་དང་མཚུངས།

“སྔོན་ཨ་ཕ་དང་ཕུ་བོ་ངེད་གསུམ་མཉམ་དུ་ལྷ་སར་ཐེངས་ཤིག་སོང་མྱོང་། དེ་དུས་ང་རང་ལོ་བཅོ་ལྔ་ཡིན། ང་ཚོ་མངའ་རིས་སུ་ཐོན་རྗེས།གཡག་གཅིག་བཙོང་བའི་རིན་ལ་རྩམ་པ་དང་ཤ་སྐམ་བརྗེས་ཏེ་ལམ་རྒྱགས་གསབ” གཞན་ཕན་གྱིས་གནམ་ལ་བལྟས་ཏེ་དེ་ལྟར་བཤད། འོན་ཀྱང་མཁྱེན་རབ་ཀྱིས་ལན་ཅི་ཡང་མི་བསྐྱོན་པར་སྔ་མོ་ནས་རྨི་ལམ་གྱི་ཞིང་དུ་འགྲིམས་སོང་།

“ང་ཤི་སོང་ན་ཁྱོད་ཀྱིས་ཅི་ཞིག་བྱ”གཞན་ཕན་གྱིས་མཁྱེན་རབ་གཉིད་ཟིན་པས་ལན་མེད་པ་ཤེས་ནའང་ནམ་མཁའ་ལ་གཏད་ནས་དེ་ལྟར་བཤད།

ཕྱི་ཉིན་ཉི་མ་དགུང་དུ་འཕགས་ཀྱང་ཉི་འོད་དེ་ཙམ་མི་དྲོ། ཕུ་ནུ་གཉིས་ཀྱིས་ཁལ་མ་དེད་ནས་ལམ་ལ་ཆས། ཉིན་གུང་ངལ་གསོའི་མཚམས་སུ་གཞན་ཕན་གྱིས་གྲི་རྡོ་ལ་བརྡར་ནས་རྣོ་འདོན། མཁྱེན་རབ་ཀྱིས་གཞན་ཕན་གྱི་ལག་གི་གྲི་རིང་ལ་ལྟ་བཞིན་སྐྱོ་བས་ནོན་ཞིང་། ཕུ་བོ་དང་གྱེས་པའི་ཡིད་སྐྱོ་བའི་རྣམ་པ་དེ་ཡིད་ལ་འཁོར།

ཕུ་ནུ་གཉིས་ལྷ་སའི་ཁོངས་སུ་སླེབས། ཁོང་གཉིས་ཀྱིས་ཁལ་མ་རྣམས་ཚོང་འདུས་ར་བའི་སྒོ་ཁར་དེད། གཡག་གཉིས་བཙོང་སྟེ་རྩམ་པ་དང་མར། ཤ་སྐམ་ལ་བརྗེས་ཏེ་ཕྱིར་ལོག་པའི་ལམ་རྒྱགས་བསྒྲུབས།

རྟ་གཉིས། ཁལ་བཞི། མི་གཉིས་ཀྱིས་རྒྱང་རིང་གི་དམར་པོ་རིའི་ཐོག་ཏུ་འགྱིང་བའི་པོ་ཏ་ལར་ཅེར། གྱང་དམར་པོའི་ལྡེབས་ངོས་དང་ཁང་པ་དཀར་པོའི་བར་དུ། ཉི་མའི་འོག་ཏུ་གསེར་མདོག་གི་འོད་རླབས་ཤིག་འཕྱུར། ཕུ་ནུ་གཉིས་ཀྱིས་རྒྱང་ལྟ་བྱེད་བཞིན་མིག་ཆུ་སེམས་ལ་འཁྱིལ། སྨྲེང་སྐྱོའི་མཆི་མ་ཁོང་དུ་མ་ཆུད་པར་གནག་ཅིང་རིད་པའི་གདོང་གཞུང་དུ་ལུད། མིག་ཆུ་བཞུར་ཤུལ་ནི་ཆུ་ལམ་ཞིག་དང་འདྲ།

གཞན་ཕན་གྱིས་མཁྱེན་རབ་ཀྱི་ཕྲག་པར་འཇུས་ཏེ་སེམས་ཀྱི་ཀ་བ་ཉག་གཅིག་ཏུ་བསྐྱོར། མཚན་མོར། ཁོང་གཉིས་པོ་ཏ་ལ་དང་ཐག་ཉེ་སའི་སར་ཉལ།  ཁོ་སྤུན་གཉིས་ཀྱིས་ས་གཞི་སྔས་སུ་བྱས་ཏེ་མཁའ་དབྱིངས་སུ་འཚེར་བའི་སྐར་ཚོགས་ལ་བལྟས། གཞན་ཕན་གྱིས་ཀྱང་གཞི་ནས་ད་རེབ་ཁོ་གཉིས་ལྷ་སར་ཡོང་བའི་དམིགས་ཡུལ་མཁྱེན་རབ་ལ་བཤད་ཀྱང་། མཚན་མོའི་རླུང་བུས་གཞན་ཕན་གྱི་སྐད་ཆར་བར་ཆད་བཟོས།

ཕྱི་ཉིན་ཞོགས་པར། ཞོགས་པའི་འོད་སྣང་པོ་ཏ་ལའི་དབུ་རྩེར་འཕྲོས། ཕུ་ནུ་གཉིས་ཀྱིས་རྟ་ཁལ་རྣམས་ཁྱིམ་ཚང་ཞིག་ལ་བཅོལ་ནས་གྲི་རིང་ཐོགས་ཏེ་པོ་ཏ་ལའི་ཞོལ་དུ་སྨད་མ་ཚོ་བའི་སྤུན་གསུམ་སྐོར་བར་ཡོང་བ་ལ་བསྒུགས། རིམ་གྱིས་སྐོར་ལམ་དུ་མི་ཇེ་མང་དུ་གྱུར། ཡུད་ཙམ་འགོར་རྗེས་མི་ཚོགས་ཁྲོད་ནས་སྨད་མ་ཚོ་བའི་སྤུན་གསུམ་མིག་གིས་ཟིན། གཞན་ཕན་གྱིས་མཁྱེན་རབ་ཀྱི་ཕྲག་པར་རྡེབ་བཞིན་གོ་སྐབས་དམ་འཛིན་བྱེད་པ་ལས་བག་མི་འཁུམས་པར་ཐད་ཀར་ཕུ་ནུ་གསུམ་གྱི་རྗེས་སུ་དེད། ཕུ་ནུ་གསུམ་པོས་པོ་ཏ་ལར་སྐོར་བ་ཐེངས་གཅིག་བསྐོར། ཁོང་གཉིས་རྗེས་སུ་ཞུགས་ཏེ་སྐོར་བ་ལན་གཅིག་བརྒྱབ། སྐོར་བ་ཐེངས་གསུམ་བརྒྱབ་རྗེས་སྨད་མ་ཚོ་བའི་ཕུ་ནུ་གསུམ་དང་གདོང་འཕྲད།

ཕུ་ནུ་གསུམ་གྱིས་ཁོང་གཉིས་མཐོང་འཕྲལ་རང་སར་ཧད་དེ་ལུས། ཁོང་གསུམ་པོར་གནས་འདི་རུ་དགྲ་བོ་སྤུན་གཉིས་དང་ངོ་འཕྲད་ཡོང་བར་གྲ་སྒྲིག་ཅི་ཡང་མི་འདུག ཁོང་གསུམ་པོས་སྔུན་དུ་ཡོང་བཞིན་པའི་ཕུ་ནུ་གཉིས་ལ་ལྟ་བཞིན་རྐེད་པར་བཏགས་པའི་གྲི་མགོ་བཟུང་ནས་དོགས་ཟོན་བྱེད་པ་མ་གཏོགས་ཐད་ཀར་སྔོན་དུ་རྒྱུག་མ་ཐུབ། ཅུང་ཙམ་འགོར་རྗེས་གྲི་མགོ་ནས་བཟུང་སྟེ་དལ་མོར་མདུན་དུ་ཡོང་།

རིམ་གྱིས་གཞན་ཕན་ཕུ་ནུ་གཉིས་དང་ཁ་ཐག་ཉེ་རུ་སོང་། ཕུ་ནུ་གཉིས་ཀྱིས་ཀྱང་བུ་སྤུན་གསུམ་གྱི་གདུག་རྩུབ་ཅན་གྱི་མིག་ཟུང་མཐོང་ཐུབ། གཞན་ཕན་གྱི་སེམས་སུ་ཕན་ཚུན་གྱི་ཤ་འཁོན་དྲན་ཞིང་ཤ་ཁྲག་དྲོན་མོ་ས་རུ་བརྡོལ་བའི་ཡུལ་དངོས་དག་རེ་རེ་བཞིན་ཤར། འོན་ཀྱང་པོ་ཏ་ལའི་འདབས་སུ་མི་ཚོགས་ཀྱིས་བསྐོར་བ་མཐོང་བས། ཁོང་གཉིས་ཀྱིས་རྐེད་ཀྱི་གྲི་རིང་མ་ཕྱུང་བར་ཁ་ཕྱིར་འཁོར་ནས་པོ་ཏ་ལ་གཡས་སུ་བསྐོར། ཕུ་ནུ་གསུམ་པོས་ཀྱང་གྲི་མགོ་ལྷོད་དེ་མུ་མཐུད་དུ་པོ་ཏ་ལ་གཡས་སུ་བསྐོར།

པོ་ཏ་ལའི་ཞོལ་དུ་སླེབས་རྗེས་ཕུ་ནུ་གཉིས་ཅི་ཡང་མི་བཤད་པར་ཁ་རོག་གེར་བསྡད། ཨ་མ་མཚོ་མོར་ཁས་བླངས་པའི་ཕྱིར་པོ་ཏ་ལའི་ནང་སྐོར་རེ་རེར་དད་འདུན་བཅོལ།

སྨག་རུམ་འཐིབས་ཚེ། དགྲ་ཡ་བུ་སྤུན་གསུམ་པོ་པོ་ཏ་ལའི་ཞོལ་གྱི་སྨག་ནག་ཁྲོད་ནས་མི་མཐོང་བར་གྱུར། ཕུ་ནུ་གཉིས་ཀྱིས་རྟ་ཁལ་དེད་དེ་སྔར་ཉིན་ཉལ་སར་ཆས། སྒྲོ་བའི་ནང་དུ་ལམ་རྒྱགས་སྡུད་གསོག་བྱས་ཏེ་ཕྱི་ཉིན་ཕྱིར་ཡུལ་ལ་ལོག་གྲབས་བྱས།

མཚན་མོར་ཕུ་ནུ་གཉིས་ཀྱིས་སྐད་ཆ་ཅི་ཡང་མ་བཤད། གཞན་ཕན་གྱི་སེམས་སུ་དྲན་བཞིན་པ་ནི“ཚོ་བའི་བར་དུ་ཤ་འཁོན་ཅི་འདྲ་ཡོད་ཀྱང་ལྷ་ལྡན་དུ་མཆོད་མཇལ་ལ་མཉམ་དུ་འཛོམས་ན། ཞེ་འཁོན་འགྲས་ཐམས་ཅད་མེད་པར་ཞི་འགྲོ”ཞེས་པའི་ཨ་མའི་སྐད་ཆ་དེ་ཡིན།

འདི་ནི་ཨ་མ་མཚོ་མོའི་ནམ་ཡང་སེམས་སུ་དྲན་པའི་སྨོན་ལམ་ཡང་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号