མདོག་མེད་ཀྱི་འཇིག་རྟེན།

ཁུ་སིམ་སིམ་གྱི་ཕྱི་དྲོ་དེར་ཉི་མ་ནི་སྔ་མོ་ནས་རྔམ་མཐུག་པའི་སྤྲིན་གསེང་ལ་འཛུལ་ཚར། ཁ་བའི་འདབ་མ་རེ་འགའ་ཚམ་ཚོམ་མེད་པར་སྤྲིན་གསེབ་ནས་བབས་ཏེ་ས་རུ་ཟགས་པ་དང་དེ་ནས་ཅི་ཡང་མི་སྣང་བར་གྱུར། ཡོད་ཚད་ལྷིང་ཞིང་འཇགས་པས། དེ་ནི་མི་ཞིག་གིས་ཁུ་སིམ་མེར་སུ་ཞིག་ལ་སྒུག་པ་དང་མཚུངས།

ཉིན་དེར་བགྲེས་པོ་ཁོང་ཚང་ལ་མི་མང་པོ་ཞིག་སླེབས་འདུག རྒན་དར་གཞོན་གསུམ་གྱི་སྐྱེས་ཕོ་མོ་མང་པོ་སླེབས་འདུག་ཅིང་ཚང་མའི་གདོང་ལ་སྐྱོ་ཉམས་ཤིག་ཤར་འདུག འོན་ཀྱང་ངས་ཡུལ་མི་དག་གི་གྲས་ནས་བགྲེས་པོ་ཁོང་རྩ་བ་ནས་མཐོང་མ་སོང་། ཡུན་རིང་མ་སོང་བར་ལྷོད་འཇགས་ཀྱི་མཁའ་དབུགས་དེ་སྐད་ཅིག་ཉིད་ལ་ཤུགས་རིང་དང་ངུ་སྐད་ཀྱིས་བཅོམ་ཞིང་། ཚ་གསུར་གྱི་དྲི་ངད་སྟུག་པོ་དེས་ཀྱང་དེ་སྔོན་གྱི་མཁའ་དབུགས་ལྷོད་པོ་དེ་སྔར་བས་ཀྱང་གཟབ་ནན་དུ་བཏང་།

བུད་མེད་དག་གིས་ངུ་སྐད་འདོན་བཞིན་མགོ་རས་ཀྱི་སྣེ་མོས་མིག་ཆུ་འབྱིད་བཞིན་འདུག་ལ་སྐྱེས་པ་དག་གིས་ཁ་ཏོན་ཟློ་བཞིན་ཁང་པའི་ཕྱི་ནང་ཀུན་ཏུ་ལང་ལོང་བྱེད། དེ་དུས་ངའི་སྣང་ངོར་ཕ་རྒན་གྱིས་ངེད་ཁྱིམ་མི་དག་གི་འཚོ་ཚིས་ཀྱི་ཆེད་དུ་གནག་ཕྱུགས་གང་ཞིག་གི་མཆུ་བསྡམས་ནས་དབུགས་ཀྱི་རྒྱུ་བ་གཅོད་པའི་ཚེ་ཡང“སྟོན་པ་བཅོམ་ལྡན་འདས……”ཞེས་ཟློ་བར་བྱེད་པ་དྲན་ཡོང་། དེ་བས་དེ་རིང་ཡང་སྲོག་ཐོགས་གང་ཞིག་གི་དབུགས་ཀྱི་རྒྱུ་བ་ཆད་བཞིན་པའམ་ཆད་ཟིན་པ་ཡིན་ལས་ཆེ་སྙམ་པ་བྱུང་།འོན་ཀྱང་ད་ལྟའི་མིག་མདུན་གྱི་འདུ་འགོད་དང་སྐྱི་གཡའ་བར་བྱེད་པའི་ངུ་སྐད་ལ་བརྟགས་ན་རང་བཞིན་གྱི་སྲོག་ཐོགས་ཤིག་གི་དབུགས་ཀྱི་རྒྱུ་བ་ཆད་པ་མིན་པ་ཐག་གིས་ཆོད། དེ་ལྟར་བསམ་ཞིང་རེ་ཞིག་བློང་བློང་པོར་གྱུར་ཏེ་མདུན་གྱི་བྲེལ་འཚུབ་ཀྱི་རྣམ་པ་ལ་ཅེར་ནས་བསྡད། དོན་ཅི་ཞིག་གིས་ཉེ་འཁོར་གྱི་མཁའ་དབུགས་དེ་གཙོ་མའི་ཐག་པ་བཞིན་གྲིམ་ཞིང་རྩུབ་མོར་བཏང་བ་ཡིན་ནམ། ང་མྱུར་བ་མྱུར་དུ་ཁང་པའི་ནང་བརྒྱུགས་ཏེ་དོན་ཅི་ཞིག་བྱུང་སོང་བར་བལྟ་འདོད་དྲག་པོ་ཞིག་སྐྱེས། འོན་ཀྱང་ཁང་པའི་ནང་སླེབས་དུས་མིག་མདུན་གྱི་རྣམ་པ་དེས་ང་རང་ཡུད་ཙམ་ལ་ཧ་ལས་ཤིང་ཧོན་འཐོར་དུ་བཅུག དེ་སྔོན་ཚ་ཐབ་ཀྱི་སྟེང་དུ་འཛུམ་དམུལ་དམུལ་བྱེད་པའི་བགྲེས་པོ་དེའམ་ཡང་ན་ཉིན་འགའི་སྔོན་ལ་ད་དུང་ཉི་མར་ལྡེ་ཞོར་ང་ཚོ་བྱིས་པ་དག་ལ་གནའ་གཏམ་བཤད་པའི་བགྲེས་པོ་དེ་ད་ལྟ་མཐོང་ལམ་ན་མི་འདུག ཁོང་གི་ཤུལ་དུ་རས་དཀར་པོ་ཞིག་བཀབ་འདུག་ཅིང་རས་དཀར་པོ་བཀབ་ཡོད་པའི་འབུར་རིས་ནི་མི་ཞིག་གི་གཟུགས་རིས་དང་ཡང་ཤིན་ཏུ་མཚུངས།

དེ་ལྟར་བསམ་བློ་བཏང་ན་རས་དཀར་པོ་དེའི་འོག་ཏུ་བགྲེས་པོ་ཁོང་མནལ་དུ་ཞུགས་ཡོད་པ་ཡིན་ནམ། ངས་ལྟ་ཕྱོགས་ཤིག་གིས་རས་དཀར་པོ་དེའི་དྲང་ཐད་ཀྱི་མཆོད་ཁྲིའི་སྟེང་དུ་མར་མེ་རྐོང་གཅིག་བསྒྲོན་འདུག་པ་མཐོང་ཞིང་། ལྷེམ་ལྷེམ་འགུལ་བའི་མེ་ལྕེ་ནི་འཕུར་ལ་ཁད་བྱེད་པའི་བྱ་ཞིག་གིས་གཤོག་རྡེབ་བྱེད་པ་དང་མཚུངས།

མ་ཎི་འཁོར་ལོ་སྐོར་བཞིན་པའི་ཨ་ཁུ་ཡར་འཕེལ་གྱིས་ང་རང་དེར་འགྲེང་འདུག་པ་མཐོང་འཕྲལ“བྱིས་པ་འདིར་ཡོང་མི་རུང་། སྒོར་སོང་ལ་མ་ཎི་ཟློས་ཤིག”ཅེས་ང་རང་སྒོར་དེད་བྱུང་།

ངས་ད་དུང་ཅི་ཞིག་བྱུང་སོང་བ་གསལ་ཐག་ཆོད་པ་ཞིག་ཤེས་མེད་པས་ཨ་མའི་གམ་དུ་སོང་ནས་འདྲི་དགོས་སྙམ། ང་རང་ཨ་མའི་གམ་དུ་སླེབས་དུས་མོས་ཀྱང་མིག་ཆུ་འབྱིད་བཞིན་འདུག ངས་བགྲེས་པོ་གང་དེའི་མིང་ནས་བཟུང་སྟེ་ཁོང་གང་དུ་བུད་སོང་བ་དྲིས་པ་ན།ཨ་མས་མིག་ཆུ་འབྱིད་བཞིན་བགྲེས་པོ་ཁོང་ཚེ་ལས་འདས་སོང་བ་རེད་ཟེར།

དེ་སྐད་གོ་འཕྲལ་ངའི་སེམས་ཀྱང་སྐྱོ་སྡུག་གིས་ཁེངས་སོང་ལ་མིག་ཆུས་མདུན་གྱི་ཡོད་ཚད་རབ་རིབ་དུ་བསྒྱུར། ཨ་མས་དེར་མཐུད་ནས“མི་ཤི་རྗེས་མིང་གིས་འཛིན་མི་རུང་། མ་ཎི་འདོན་དགོས་པ་རེད། མ་ཎི་བཏོན་ཚེ་རྣམ་ཤེས་ཕྱི་མའི་ཡུལ་ལ་འགྲོ་ཐུབ”ཟེར། དུས་དེར་ངས་ད་གཟོད་མི་ནི་ནམ་ཞིག་གི་ཚེ་ན་འཆི་དགོས་པ་དང་ཤི་རྗེས་རྣམ་ཤེས་སུ་གྱུར་ཏེ་དུས་གཏན་དུ་ཕྱིེར་ཡོང་མི་ཐུབ་པའི་ཆོས་ཉིད་ཙམ་ཞིག་རྟོགས་སོང་ལ་གར་འོང་མི་ཤེས་པའི་སྐྲག་སྣང་ཞིག་ཀྱང་སྐྱེས་ཡོང་།

ཁ་བ་མུ་མཐུད་དུ་འབབ་བཞིན་འདུག སྐྱ་ཐིང་ཐིང་གི་ས་གཞི་ཁ་བས་གཡོགས་ཏེ་འཇིག་རྟེན་གཞན་ཞིག་ཏུ་བསྒྱུར་འདུག ངས་ཁ་བ་ཁ་བའི་སྟེང་འབབ་ཀྱིན་པའི་སག་སག་གི་སྒྲ་ཐོས་ཡོང་ཞིང་། དེ་ནི་སྐབས་སྐབས་སུ་མི་ཞིག་གིས་ཅི་ཞིག་ལབ་བཞིན་པའི་སྐད་སྒྲ་དང་མཚུངས་ཤིང་སྐབས་སྐབས་སུ་སྐྱེ་འགྲོ་གང་ཞིག་གིས་རྡོག་ལམ་སྙེག་བཞིན་པའི་སྒྲ་དང་ཡང་མཚུངས།

ངའི་སེམས་ཀྱི་བརྙན་རིས་སུ་བགྲེས་པོ་ཁོང་གི་འཛུམ་དམུལ་དམུལ་བྱེད་པའི་ཞལ་རས་དང་སྐེད་པ་སྒུར་སྒུར་གྱིས་འགྲོ་བའི་གཟུགས་རིས་བསྟུད་མར་ཤར་ཡོང་ཞིང་། ཁོང་བཞུགས་དུས་ཀྱི་འདས་དོན་མང་པོ་ཞིག་ཀྱང་ག་ལེར་ཤར་ཡོང་། སྔོན་ཏག་ཏག་ལ་ཨ་མས་བཤད་པ་བཞིན། ཁོང་ཡང་ད་ལྟ་རྣམ་ཤེས་སུ་གྱུར་ཡོད་སྲིད་ལ། ཁོང་གི་རྣམ་ཤེས་ཀྱང་ཕྱི་མའི་ཡུལ་དུ་འགྲོ་བཞིན་ཡོད་ངེས།

ནམ་ཞིག་གི་ཚེ་ཉེ་འཁོར་གྱི་མི་རྣམས་ཀྱང་བགྲེས་པོ་ཁོང་ནང་བཞིན་འཆི་དགོས་པ་དྲན་ཚེ་ང་ལ་དབང་མེད་དུ་སྨྲ་བསམ་བརྗོད་འདས་ཀྱི་སྐྱོ་སྣང་ཞིག་སྐྱེས་ཡོང་ཞིང་། སྐྱོ་སྣང་དེ་ཡང་རིམ་བཞིན་སྐྲག་སྣང་ཅིག་གམ་སེམས་ཁུར་ཞིག་ཏུ་གྱུར། ངས་དེ་ལྟར་བློས་དཔག་ནས་སྡོད་དུས་མི་རྣམས་ཡང་བསྐྱར་སྐྱོམ་འགུལ་ཐེབས་ནས་ཚང་མས་ཞྭ་སོགས་ཕུད་ཅིང་སྐེད་པ་སྒུར་སྒུར་གྱིས་སུ་ཞིག་བསུ་བཞིན་འདུག་སྟེ། མ་གཞིར་ཨ་ལགས་སྒར་བ་ཚང་ཕེབས་པ་ཡིན་འདུག

ཁོང་དལ་མོར་ཁང་པའི་ནང་ཕེབས་སོང་ལ། ཁོང་གི་རྗེས་སུ་ཡུལ་མི་རྣམས་ཀྱང་འཚང་ཁ་ཤིག་ཤིག་བྱེད་བཞིན་འདུག

ཅུང་ཙམ་ནས་ཁོང་གིས་བསྔོ་སྨོན་གསུང་སོང་། ཡུལ་མི་དག་གིས་ཐལ་མོ་སྦྱར་ནས་མགོ་བོ་སྒུར་སྒུར་གྱིས་ཁུ་སིམ་མེར་ཁོང་གི་གསུང་ལ་ཉན་བཞིན་འདུག་ཅིང་། ཁང་པའི་བར་སྟོང་ཡོངས་སུ་གསུང་ཚིག་དང་དྲིལ་སྒྲ། ད་དུང་ཡུལ་མི་དག་གི་དབུགས་ཀྱི་རྒྱུ་བ་ལས་ཅི་ཡང་མི་ཐོས་པར་གྱུར།

ཡུད་ཙམ་གྱི་རྗེས་ནས་ཁོང་རིན་པོ་ཆེས་ཡིག་དྲུག་གི་མགུར་མ་སྙན་ཞིང་འཇེབས་པ་ཞིག་གྱེར་སོང་བ་དང་། དེས་མི་སེམས་ལ་སྨྲ་བསམ་བརྗོད་འདས་ཀྱི་སྐྱོ་བ་སྔ་ན་མེད་པ་ཞིག་སྐྱེ་བར་བྱེད། ངས་མགུར་མའི་འགྱུར་ཁུགས་ཀྱི་གསེང་ནས་བུད་མེད་དག་གི་ངུ་སྔངས་ཐོས་ཡོང་། དེ་ནི་འཆི་བ་མགོར་ཐོན་ཟིན་པའི་མི་བུ་གང་དེར་ཆེས་མཐའ་མཇུག་གི་གྱེས་བྲལ་བྱེད་སྟངས་ཤིག་ཀྱང་ཡིན་ལས་ཆེ་སྟེ། སྐྱེ་འགྲོ་གང་ཞིག་གི་ཚེ་སྲོག་གི་རྒྱུ་བ་གཏིང་ནས་ཆད་པའི་དུས་སུ་སྐྱེ་འགྲོ་གང་དེའི་ཚེ་གཅིག་གི་བྱས་དོན་ཡོད་ཚད་མཇུག་རྫོགས་སོང་བ་ཡིན་ངེས། དེ་དུས་བློ་འགྱོད་དང་སྐྲག་སྣང་། ཁེར་རྐྱང་སོགས་ཕྱོགས་ངེས་མེད་ནས་བརྡོལ་ཡོང་ཡང་དེ་ལ་ཐབས་ཤེས་དང་བྲོས་བྱོལ་སོགས་བྱེད་ཐབས་མེད་པ་ནི་ཆོས་ཉིད་རེད། དངོས་གནས་སྐྱེ་འཆི་དང་འདུ་བྲལ་ནི་སུ་ཡིན་ཡང་རང་དབང་ན་མི་འདུག་པ་ནི་ཉེ་འཁོར་དུ་བྱུང་དང་འབྱུང་བཞིན་པའི་ཤི་གསོན་གྱིས་བདེན་དཔང་བྱས་འོང་།

ཨ་ལགས་ཚང་ཕྱིར་ཕེབས་ཤུལ་ནས་སྐྱེས་པ་དག་གིས་བགྲེས་པོ་ཁོང་གི་བེམ་པོ་དེ་རས་དཀར་པོས་དམ་པོར་དཀྲིས་པ་དང་དེ་ནས་སྨྱུག་མ་དང་རས་དཀར་པོས་གྲུབ་པའི་སྒྲོམ་བུ་ཞིག་གི་ནང་དུ་བཞག་སོང་། ངས་ནི་བགྲེས་པོ་ཁོང་གི་བེམ་པོ་རས་དཀར་པོས་དཀྲིས་ཡོད་པ་དེ་མཐོང་མ་ཐག་དུ་གར་འོང་མི་ཤེས་པའི་སྐྲག་སྣང་ཞིག་གིས་ལུས་པོ་ཡོངས་སུ་བསྡམས་པ་དང་། རས་དཀར་པོས་དཀྲིས་ཡོད་པ་དེ་བགྲེས་པོ་ཁོང་ཡིན་ཡང་དེ་ལ་ཧ་ཅང་རྒྱུས་མེད་ཀྱི་སྣང་བ་ཞིག་ཀྱང་འགོག་མེད་དུ་སྐྱེས་ཡོང་། བགྲེས་པོ་ཁོང་དུས་གཏན་དུ་བྲལ་སོང་བའི་དོན་འདི་ཡིས་ངའི་བྱིས་བློ་མ་ཡལ་བའི་སེམས་པ་ཡང་སྐད་ཅིག་ཉིད་ལ་རིམ་པ་གཅིག་གིས་ནར་སོན་དུ་བཅུག་བྱུང་ལ། དེས་ཡར་སྔོན་ངས་འཇིག་རྟེན་འདིའི་བྱ་དངོས་ལ་བཟུང་བའི་ངོས་འཛིན་དང་རྣམ་འགྱུར་ལ་ཡང་བསྒྱུར་བཀོད་ཐེངས་ཤིག་བྱས།

ང་རང་ཁང་པའི་གྲུ་ཟུར་ཞིག་དུ་སྡོད་སྐབས་ངའི་རྩེད་རོགས་དག་གིས་སྒོར་རྩེ་རུ་འགྲོ་ཟེར། ངས་ཁོ་ཚོའི་གྲང་ངར་གྱིས་དམར་པོར་བསྒྱུར་ཟིན་པའི་མཁུར་ཚོས་དང་དྭངས་ཤིང་གསལ་ལ་ནག་རིག་རིག་བྱེད་པའི་མིག་ཟུང་ལས་དོན་ཅི་ཡང་བྱུང་མེད་པ་འདྲ་བའི་མདངས་ཤིག་འཁྱུག་བཞིན་པ་མཐོང་ཞིང་། དེས་ང་ལ་ཁོ་ཚོས་ད་དུང་འཆི་བའི་སྐོར་ཅི་ཡངཤེས་ཀྱིན་མེད་པར་ཡིད་སྨོན་ཞིག་ཀྱང་སྐྱེ་རུ་བཅུག ངས“སྒོ་ཕྱི་ན་ཁ་བ་འབབ་ཀྱིན་འདུག་པས་ང་རྩེ་རུ་མི་འགྲོ”ཞེས་བཤད།

“ང་ཚོས་ཁངས་མི་བཟོས་ཆོག”

ཁོ་ཚོས་ངའི་ལག་པ་ནས་བཟུང་སྟེ་སྒོ་ཁར་འཐེན། ཁ་རླངས་འཁྱགས་པ་ཞིག་ངའི་གདོང་ལ་མཆེད་ཡོང་།

“ཁངས་མི་བཟོས་ཀྱང་ཉི་མ་ཤར་ཚེ་ཞུ་འགྲོ་བ་རེད། ”

ཁོ་ཚོས་ང་རང་སྒོར་འགྲོ་མི་འདོད་པ་ཐག་ཆོད་བྱུང་བས་འུར་ཆིལ་ལེར་སྒོ་ཕྱིར་ཞོགས་སོང་།

ཁང་བའི་ལོགས་ཤིག་ན་མར་མེ་མང་པོ་བསྒྲོན་འདུག་ཅིང་སྣ་ལམ་དུ་ཡང་མར་ཁུ་མེས་འཚིག་པའི་དྲི་ངད་ཁ་མོ་དེ་ལྡང་འོང་།

སྨག་ཡོངས་སུ་ཆད་ཟིན། ཁ་བའང་འབབ་མཚམས་བཞག་ནས་ཡོད་ཚད་ཁུ་སིམ་མེར་འདུག སྐབས་སྐབས་སུ་ཁྱིའི་ཟུག་སྐད་རེ་གཉིས་ཀྱང་རྒྱང་ཉེ་རིང་ནས་གྲག་ཡོང་ལ། ཡུལ་མི་དག་ནི་སྔར་བཞིན་ཁང་པའི་ནང་དུ་འདུས་ནས་མ་ཎི་འཁོར་ལོ་སྐོར་ཞིང་ཡིག་དྲུག་ཟློ་བཞིན་འདུག

གཉིས།

ཁ་བ་འབབ་མཚམས་ཡོངས་སུ་ཆད་འདུག

ནམ་མཁའི་སྤྲིན་པ་དག་གར་སོང་ཆ་མེད་དུ་གྱུར་ནས་མདོག་སྔོ་ནག་གི་ནམ་མཁར་སྐར་ཚོགས་ནི་ཐང་མར་བརྡལ་བ་བཞིན་ལྷེམ་ལྷེམ་འཚེར་བཞིན་པའི་མིག་གིས་མི་ཡུལ་ལ་བལྟས་ནས་འདུག

ངས་ཕ་རོལ་གྱི་ཉག་ཁ་དེའི་ཕྲག་པ་ནས་ཉ་གང་ཟླ་བའི་དཀྱིལ་འཁོར་ཡར་ལ་འཕགས་ཡོང་བ་མཐོང་ཞིང་། ཟླ་འོད་ཀྱིས་ངའི་ཉེ་འཁོར་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་གསལ་ལྷང་ངེར་བཏང་འདུག སྐབས་སྐབས་སུ

ལྡང་འོང་བའི་གྲང་རླུང་གིས་ཁ་བའི་གསེང་ན་ཡར་བུད་ཡོད་པའི་འཇག་མ་སྐམ་པོའི་ཚོམ་བུ་དག་ཡང་ཡང་སྒུལ་བར་བྱེད།

མཉམ་ཞིག་འཇོག་དུས་ང་རང་རྒྱུས་མེད་ཀྱི་ཐང་སྟོང་ཞིག་ཏུ་གཅིག་པུར་ལུས་འདུག་ཅིང་། ཉེ་འཁོར་ཡོད་ཚད་སྟོང་ལྷང་ལྷང་བྱེད།

རེ་ཞིག་འགོར་རྗེས་ཕ་གིའི་ཉག་ཁ་ནས་གཟུགས་རིས་གསལ་ལ་མི་གསལ་བ་ཞིག་མངོན་ཡོང་ཞིང་། གཟུགས་རིས་དེ་ནི་ཡོད་ཚད་ཁ་བས་གཡོགས་པའི་ཐང་སྟོང་འདིར་ཅི་འདྲའི་གསལ་ཞིང་གསལ་བ་ཞིག་རེད། ཐག་ཇེ་ཉེར་སོང་བ་དང་བསྟུན་མི་དེ་ནི་སྐེད་པ་སྒུར་ཞིང་རྒྱབ་ལག་བྱས་པའི་བགྲེས་པོ་ཞིག་ཡིན་པ་མཐོང་བྱུང་།

ངས་གཟུགས་རིས་དེ་ལས་ཧ་ཅང་རྒྱུས་ཡོད་ཀྱི་ཚོར་བ་ཞིག་རྙེད་ཅིང་། ཚོར་བ་དེས་ང་རང་གཉེན་ཉེའམ་ཁྱིམ་མི་ཞིག་ལ་ཕྲད་པ་བཞིན་གར་འོང་མི་ཤེས་པའི་དགའ་སྣང་ཞིག་ཀྱང་བྱིན། མི་དེ་ངའི་གམ་དུ་སླེབས་པ་ན་ངས་ཁོང་གི་ཞལ་རས་ལ་རྒས་གཉེར་གྱིས་ཁེངས་ཤིང་ཟིམ་ཟིམ་བྱེད་པའི་མིག་ཟུང་ལས་བྱམས་བརྩེ་དང་སྙིང་རྗེའི་མདངས་ཤིག་འཁྱུག་བཞིན་པ་མཐོང་། ཁོང་གིས་ཅི་ཡང་མི་སྨྲ་བར་ངའི་མགོ་ནས་མཇུག་བར་ཞིབ་ལྟ་ཞིག་བྱས་པ་དང་དེ་ནས་ལག་པས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར “བུ། ཁྱོད་ནི་འཁོར་བའི་ཚུལ་འཆོས་ལས་གྲོལ་བའི་སྐལ་ལྡན་ལས་འཕྲོ་ཅན་དེ་ཡིན་པ་ངས་སྔོན་ནས་ཤེས་ཡོད”ཟེར།

ངས་ཁོང་གིས་གསུང་པ་དེའི་ཧ་ཁྱོན་ནས་མ་གོ ང་རང་དེ་ལྟར་སོམ་ཉིར་ལུས་དུས་ཁོང་གིས་ཡང་བསྐྱར“ཁྱོད་ད་རུང་ལོ་ན་ཆུང་དྲགས་པས་གནས་འདི་ཁྱོད་ལ་མི་དབང་ཞིང་ཁྱོད་ཀྱང་གནས་འདིར་མི་དབང” ཟེར་བས།ངས་ལྷག་པར་སྐད་ཆ་དེའི་དོན་མ་གོ

“ཁྱོད་སུ་ཡིན། གནས་འདི་གང་ཞིག་རེད། ”

“ང་ནི་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་ལམ་འགྲོ་བ་ཞིག་ཡིན། འདི་ནི་བར་དོའི་འཕྲང་ལམ་རེད། འདིར་ཡོང་བ་དག་ནི་མི་རྟག་པའི་རྒྱ་ལས་ཐར་ཟིན་པ་རྐྱང་རྐྱང་ཡིན། ”

ཁོང་གིས་འདི་ལྟར་ཟེར་དུས་སྐད་གདངས་ལ་ཞི་དུལ་གྱི་ཆ་ཞིག་མངོན་ཆུང་གིས་བསྐུངས་འདུག་ཅིང་། ཡོད་ཚད་ཁོང་གི་རྣམ་མཁྱེན་ལས་འགོངས་མེད་པ་འདྲ་བའི་ཚོར་བ་ཞིག་ཀྱང་ངང་གིས་སྐྱེས་ཡོང་། ངས་ད་ལྟ་ང་རང་གང་ཞིག་ལ་འགྲོ་དགོས་དྲིས་པ་ན་ཁོང་གིས་ལག་གཡས་པའི་མཛུབ་མོ་ངའི་རྒྱབ་ཕྱོགས་ལ་ཀེར་ནས“ད་ལྟ་ཁྱོད་རང་ཕྱིར་འགྲོ་དགོས། ཁྱོད་འགྲོ་ས་ཀན་རེད”ཅེས་ཟེར་བས། ངས་ཁོང་གིས་བསྟན་པའི་ཕྱོགས་དེར་བལྟས་ཙ་ན་གནས་དེར་འོད་རྡོག་སྐར་འོད་འདྲ་བ་ཞིག་མཚེར་བཞིན་པ་མཐོང་ཞིང་། འོད་དེས་ངའི་ལུས་ལ་དྲོད་ཅིག་སྦྱིན་པར་བྱེད།

ཁོང་གིས་དེ་ལྟར་ང་ལ་ལམ་སྟོན་མཛད་ཅིང་གྱེས་བརྡ་གནང་རྗེས་ཁོ་རང་སྔར་ཡོང་སའི་རྐང་ལམ་དེད་ནས་ཕྱིར་ཕེབས་སོང་། ང་རང་ཤུལ་དུ་ཧད་དེ་ལུས་ཤིང་ཁོང་གིས་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་བཏང་། ངས་ཇི་ལྟར་བསམས་ཀྱང་དེ་དག་གི་དོན་རྩ་བ་ནས་གོ་མ་སོང་།

ངས་ཕྱིར་མིག་གིས་ཡང་བསྐྱར་ཁོང་གི་རྗེས་ལ་བལྟས་ཙ་ན་ཁོང་ཕ་རོལ་གྱི་ཉག་ཁ་དེར་འགྲེང་འདུག་ཅིང་། དེ་ནས་ཁོང་གི་གཟུགས་རིས་དེ་རིམ་བཞིན་མི་གསལ་བར་གྱུར་ཞིང་མཐར་ཉག་ཁའི་ནམ་མཁའ་དང་གཞི་གཅིག་ཏུ་འདྲེས་ནས་མི་སྣང་པར་གྱུར་པས། ང་རང་ལྷག་པར་བསམ་གཞིག་གི་གཏིང་ལ་ལྷུང་བར་བྱས། “ཨ་མཚར།ཅི་འདྲའི་མཚར་བ་ལ།”ངའི་མགྲིན་པ་ལས་རང་དབང་མེད་པར་དེ་ལྟར་ཤོར་བ་དང་མངོན་སུམ་དུ་མིག་གིས་མཐོང་བའི་རྣམ་པ་དེ་ཨ་མར་བཤད་དགོས་པའི་བྲེལ་འཚུབ་ཅིག་སྐྱེས།

རེ་ཞིག་འགོར་རྗེས་ངའི་ཉེ་འཁོར་དུ་གར་འོང་མི་ཤེས་པའི་མི་འགའ་ཡང་ཉག་ཁ་དེར་ཕྱོགས་ནས་འགྲོ་བཞིན་འདུག

ཞིབ་ཏུ་བལྟས་པས་མི་དེ་དག་གིས་གོན་པ་གཅིག་ཀྱང་གོན་མེད་པར་གཅེར་བུར་འགྲོ་ཞིང་། གོམ་ཁ་འཁྱར་འཁྱོར་དུ་སྤོ་བཞིན་ངའི་མདུན་རྒྱབ་བམ་གཡས་གཡོན་ནས་ཐོན་འགྲོ། མི་དེ་དག་གི་མིག་ཟུང་ལ་ཉོབ་མདངས་དང་སྡུག་བསྔལ་གྱི་ཉམས་ཤིག་མངོན་འདུག་ཅིང་དབུགས་ཀྱི་རྒྱུ་བ་གཉོམ་དྲགས་པའམ་ཡང་ན་དབུགས་གཏོང་ལེན་བྱེད་ཀྱིན་ཡོད་མེད་ཀྱང་ཁ་ཚོན་གཅོད་མི་ཐུབ་པར་འདུག་མོད། རིམ་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར་པ་དང་དེ་དག་གི་ཁྲོད་དུ་སྐྱེས་པ་དང་བུད་མེད། རྒན་པ་དང་དར་མ། བྱིས་པ་སོགས་འདུག་ཅིང་། འགའ་རེས་སྐབས་སྐབས་སུ་རྣར་གཟན་པའི་འོ་དོད་འདོན་ཞིང་འགའ་རེས་སྨྲ་བ་བསྡམས་ནས་འགྲོ། ང་དང་ཁོ་ཚོའི་མི་འདྲ་བའི་ཆ་ནི་ཁོ་ཚོ་མུ་མཐུད་དུ་ཉག་ཁ་དེའི་ཕྱོགས་སུ་འགྲོ་བཞིན་འདུག་ཅིང་ང་རང་ཕྱིར་ལྡོག་ཕྱོགས་སུ་འགྲོ་དགོས་པ་དེ་རེད། མཉམ་ཞིག་བཞག་དུས་མི་དེ་དག་ལ་རྐང་རྗེས་མེད་པ་མཐོང་། ཨ་ཙི། རྐང་རྗེས་གཅིག་པུས་ག་ལ་ཚད་མི་དེ་དག་ལ་གྲིབ་མ་ཡང་མི་འདུག མ་རེད། ང་རང་ཉིད་ཀྱི་རྐང་རྗེས་དང་གྲིབ་མ་ཡང་གར་སོང་ཆ་མེད་དུ་གྱུར་འདུག

ངས་མིག་འཕྲུལ་བར་དོགས་ནས་མིག་ཟུང་ཕུར་ཕུར་བྱས་རྗེས་ཡང་བསྐྱར་བལྟས་ཀྱང་དངོས་གནས་རྐང་རྗེས་དང་གྲིབ་མ་མི་འདུག ཅི་འདྲའི་འཇིགས་སུ་རུང་ཨང་།

ངའི་ཡིད་ལ་ཨ་མས་བཤད་མྱོང་བའི་གཏམ་རྒྱུད་ཅིག་ལས་འདྲེ་རྐང་ཏོ་ཞེས་པར་རྐང་རྗེས་མེད་ཟེར་བ་དྲན་ཡོང་། དེ་ལྟར་བློས་དཔོག་བྱས་ན་ངའི་ཉེ་འཁོར་གྱི་མི་འདི་དག་ཀྱང་མི་མ་ཡིན་པར་འདྲེ་ཡིན་པ་དང་ང་རང་ཡང་ད་ལྟ་འདྲེ་རུ་གྱུར་པ་ཡིན་ནམ། ངའི་ལུས་ཀྱི་བ་སྤུ་སྐད་ཅིག་ཉིད་ལ་གཟེངས་ཤིང་སྐྲག་སྣང་དང་ཐེ་ཚོམ་གྱིས་ངའི་ལུས་དང་ཡན་ལག་སྐད་ཅིག་ཉིད་ལ་བཅུམས་སོང་། ངས་ད་གཟོད་བགྲེས་པོ་དེས་ཁྱོད་གནས་འདིར་མི་དབང་ཟེར་བའི་སྐད་ཆ་དེའི་ཧ་གོ་སོང་བ་འདྲ། སྐབས་དེར་ང་རང་གནས་དེ་རུ་སྐད་ཅིག་ལ་ཡང་འདུག་མི་འདོད་པར་མྱུར་དུ་འབྲལ་འདོད་པ་ལྟ་བུ་ཞིག་བྱུང་ཞིང་། མགྱོགས་མྱུར་གྱིས་བགྲེས་པོ་དེས་བསྟན་པའི་འོད་རྡོག་དེའི་ཕྱོགས་སུ་བརྒྱུགས་པ་ཡིན། འོད་རྡོག་པོ་དེ་དང་ཐག་ཇེ་ཉེར་སོང་བ་དང་བསྟུན་ངས་རིམ་བཞིན་རང་གི་རྐང་འོག་ནས་ཐྲིག་ཐྲིག་གི་སྒྲ་ཇེ་གསལ་དུ་འགྲོ་བཞིན་པ་ཐོས་ཡོང་།

ཡང་བསྐྱར་ཕྱིར་ལྟ་ཞིག་བྱས་ཙ་ན་དཀར་ཞིང་གཙང་པའི་ཁ་བའི་ངོས་སུ་རྐང་རྗེས་ཤིག་ཇེ་གསལ་ནས་ཇེ་གསལ་དུ་སོང་ཡོད་པ་མཐོང་། ང་རང་འོད་གོར་དེ་དང་ཐག་ཉེ་སར་སླེབས་དུས་མ་གཞི་དེ་ནི་ནང་རོལ་དཀར་ཞིང་གསལ་བའི་སྒོ་མོ་ཞིག་ཡིན་པ་རྟོགས།

ང་རང་སྒོ་དེའི་ནང་ལ་འཛུལ་བའི་སྐད་ཅིག་མ་དེར་ཡོད་ཚད་ཀྱི་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་པ་དང་ངའི་མིག་ལམ་དུ་དུད་དྲེགས་ཀྱིས་ཁེངས་པའི་ཁང་པའི་གདུང་མ་ཞིག་དང་དེར་དུད་དྲེགས་ཀྱིས་སྣུམ་ཤིག་ཤིག་བྱེད་པའི་ཁ་བཏགས་ཤིག་དཔྱངས་འདུག་པ་མངོན་ཡོང་། ངའི་རྣ་ལམ་དུའང་མ་ཎི་འཁོར་ལོའི་ཙིར་སྒྲ་དང་མ་ཎི་འདོན་པའི་དབྱངས་རྟ་གློ་བུར་དུ་བརྡོལ་ཡོང་བས། རིག་པ་རིམ་བཞིན་ཇེ་གསལ་དུ་གྱུར་པ་དང་བསྟུན་ད་གཟོད་ཉེ་འཁོར་གྱི་ཁོར་ཡུག་དེ་ནི་གང་ཞིག་ཡིན་པ་ག་ལེར་ཤེས་བྱུང་།

“ཨ་མའི་གཅེས་ཕྲུག སད་ཟིན་ནམ། ”

རྒྱུས་ཡོད་ཀྱི་སྐད་སྒྲ་དེས་ང་རང་ཡོངས་སུ་དཀྲོགས། ངས་ཨ་མར་རྨི་ལམ་དང་མངོན་སུམ་གང་ཡིན་མི་ཤེས་པའི་དོན་དེ་བཤད་དགོས་མིན་ལ་བསམ་བློ་འཁོར་དུས། མི་རྣམས་ལ་ཡང་བསྐྱར་སྐྱོམ་འགུལ་ཞིག་ཐེབས་ཏེ་སྐྱེས་པ་དག་གིས་གང་ཞིག་ལ་འགྲོ་བར་སྟ་གོན་བྱེད།

སྐབས་ཤིག་ལ་སྐྱེས་པ་དག་གིས་རས་དཀར་པོས་ཡོངས་སུ་དཀྲིས་ཡོད་པའི་བེམ་པོ་དེ་སེམས་ཆུང་གིས་སྒོར་བླངས་ནས་ཨ་ཁུ་འཕྲིན་ལས་ཀྱི་རྒྱབ་ཏུ་དམ་པོར་བཀྱགས།

སྐབས་དེར།ཨ་ཕ་གང་ཞིག་ནས་བརྒྱུགས་ཡོང་སྟེ་ངའི་བོད་ལྭའི་སྐ་རགས་དམ་པོར་བསྡམས་ཤིང“སྐར་མར་འགྲོ་དགོས། སྟག་ཤ་ར་ཞིག་ཡིན་ན་ངེས་པར་སྐར་མར་འགྲོ་དགོས”ཟེར་བ་ལས་ང་ལ་སྐར་མ་ཞེས་པ་དེ་ཅི་ཞིག་ཡིན་པར་འགྲེལ་བཤད་ཅིག་ཀྱང་བརྒྱབ་མ་སོང་།

གསུམ།

ནམ་མཁའི་སྐར་ཚོགས་ནི་འཇིག་རྟེན་བྱེད་པོ་སུ་ཞིག་གིས་སྤར་མོས་གཏོར་བ་དང་མཚུངས་ཤིང་། ཟླ་བ་ནི་སྐར་ཚོགས་ཀྱི་དབུས་སུ་འོད་ཀྱི་སྒོ་མོ་ཆེར་ཕྱེ་ནས་ང་ཚོ་ལ་ལམ་སྟོན་བྱེད་བཞིན་པ་དང་མཚུངས།

འབྲུག་མོའི་རྫོང་ལམ་དུ་འབོད་པའི་སྐར་ཚོགས་ཀྱི་གཙང་བོ་དེས་ནམ་མཁའ་ཕྱོགས་གཉིས་སུ་གསིལ་ནས་ག་ཤེད་ཅིག་ཏུ་འཐེན་འདུག ངེད་ཚོའི་རྐང་འོག་གི་ཐྲིག་ཐྲིག་གི་རྡོག་སྒྲ་དང་ཧལ་ཧལ་དབུགས་ཀྱི་རྒྱུ་བ། ད་དུང་ཁ་ཏོན་འདོན་པའི་སྒྲ་བཅས་ཀྱིས་ཉེ་འཁོར་གྱི་ལྷིང་འཇགས་ཡོངས་སུ་དཀྲོགས། ངས་ཕ་རྒན་གྱི་རྗེས་འདེད་ཅི་ཐུབ་བྱས་ཤིང་། ཕ་རྒན་གྱིས་ཀྱང་ཨ་ཁུ་འཕྲིན་ལས་ཀྱི་རྗེས་འདེད་ཅི་ཐུབ་བྱེད་ཀྱིན་འདུག

ཆེས་མདུན་ཕྱོགས་ན་ཡོད་པའི་ཨ་ཁུ་བློ་གསལ་གྱིས་ས་མཚམས་རེར་ཐོན་དུས་ཚཱ་ཚཱ་རེ་འཇོག་བཞིན་འདུག དེ་ནི་འདས་པོ་ཁོང་གི་རྣམ་ཤེས་དེ་བར་དོ་རུ་མགོ་མི་འཁོར་བའི་ཆེད་དུ་ཡིན་ཟེར། ངེད་ཚོ་དེ་ལྟར་ཀྱ་ཀྱུའི་ལམ་ཕྲན་ཞིག་དེད་ཅིང་ཉག་ཁ་ཞིག་བརྒྱུད་ནས་མཐར་ལུང་པ་ཞིག་གི་ཕུ་རུ་སླེབས།

དེར་སླེབས་རྗེས་ཁོ་ཚོས་བེམ་པོ་ཨ་ཁུ་འཕྲིན་ལས་ཀྱི་རྒྱབ་ནས་ཐང་ལ་བླངས་ཏེ་ས་རུ་བརྟན་པོར་བཞག གནས་དེར་ས་གྱིག་བརྩིགས་པའི་ཐབ་ཀ་ཞིག་མཆིས་པ་དང་དེ་ནི་འོག་རིམ་གྲུ་བཞི་དང་ཡང་སྟེང་ཟླུམ་པོའི་དབྱིབས་སུ་བརྩིགས་འདུག་ལ། མ་གཞི་དེ་ནི་བེམ་པོ་སྦྱིན་སྲེག་བྱེད་ཆེད་དུ་བརྩིགས་པ་ཡིན་འདུག སྦྱིན་སྲེག་བླ་མ་དང་དགེ་སློང་དག་གིས་སྦྱིན་སྲེག་ལ་མཁོ་བའི་རྫས་དང་ཌ་དྲིལ་སོགས་བླངས་ནས་སྟ་གོན་བྱེད།

ཅུང་ཙམ་འགོར་རྗེས་སྐྱེས་པ་དག་གིས་ཐབ་ལ་ཙན་དན་གྱི་ཤིང་དུམ་མང་པོ་བསྒྲིགས་ཤིང་དེའི་སྟེང་དུ་བེམ་པོ་བཞག་ནས་མེ་ཁ་གསོ་བར་གྲབས་བྱེད། སྐབས་དེར་རྒྱ་མི་ཞིག་ཡིན་ཟེར་བའི་མི་དར་མ་ཞིག་གིས་ཡུ་བ་ཤིང་ལས་བྱས་ཤིང་རྩེ་མོར་ཤིང་དུམ་མང་བོ་བསྡམས་ཡོད་པའི་མེ་གསོ་བྱེད་ཀྱི་མེ་ཡོག་ཅིག་བསྣམས་ཡོང་ཞིང་། དེའི་སྣེ་ལ་མར་ཁུ་བླུགས་སྟེ་མེར་བསྒྲོན་པ་ན་ཚག་ཚག་གི་སྒྲ་དང་བཅས་མེ་ལྕེ་ཡི་ཕུང་པོ་ཇེ་ཆེ་ནས་ཇེ་ཆེར་གྱུར།

རྒྱ་མི་དེས་བེམ་པོ་བཞག་ཡོད་པའི་ཐབ་ཁུང་དུ་མེ་ཡོག་དེས་ཡུད་ཙམ་ལ་གསུར་ནས་མེ་འགོ་རུ་བཅུག་པ་དང་ཐབ་ཀྱི་རྩེ་མོའི་ཁུང་བུ་ལས་དུ་བ་ལང་ལོང་ཞིག་མཁའ་དབྱིངས་སུ་མཆེད་ཅིང་དེ་ནས་རིམ་བཞིན་ཇེ་ཆེར་གྱུར་ཏེ་ཉེ་འཁོར་ཐམས་ཅད་དུ་བའི་ཁུད་དུ་གཅུད།

སྐྱེས་པ་རྣམས་བསྔོ་སྨོན་གསུང་བཞིན་པའི་དགེ་སློང་དག་དང་ཐབ་ཀའི་བར་གྲལ་བསྟར་བསྒྲིགས་ཏེ་སྦྱིན་སྲེག་བླ་མའི་བཀའ་བཀོད་བཞིན་སྦྱིན་སྲེག་གི་དངོས་རྫས་ཕར་སྐྱེལ་ཚུར་ལེན་བྱེད།

དགུང་དུ་མཆེད་བཞིན་པའི་དུ་བ་ཕོན་པོ་དེའང་རིམ་བཞིན་ཞི་ནས་དེའི་ཚབ་ཏུ་མེ་ལྕེ་དགུང་ལ་འཕྱུར་བཞིན་འདུག་ཅིང་སྣ་ལམ་དུ་ཡང་བསྣམས་མ་མྱོང་བའི་གཞོབ་དྲི་ཁ་པོ་ཞིག་མཆེད་ཡོང་། ངས་བགྲེས་པོ་ཁོང་དུས་གཏན་དུ་མེ་ལྕེ་དང་ལྷན་དུ་ཡལ་ཞིང་མཐར་རུས་ཐལ་སྤར་མོ་གང་དུ་འགྱུར་སྲིད་པའི་གོ་རིམ་ལ་བསམ་གཞིག་བྱེད་དུས། ད་གཟོད་འཇིག་རྟེན་འདིའི་སྐྱེ་འགྲོ་ཡོད་ཚད་ནི་གཅིག་མཚུངས་རེད་དེ། གལ་སྲིད་ངེས་པར་དུ་མི་ཞེས་པའི་སྲོག་ཆགས་འདི་ཁྱད་པར་བ་ཞིག་ཡིན་པ་འཚོལ་དགོས་ཚེ་དེ་ནི་ལག་པ་གཉིས་སར་མ་བཙུགས་པར་འགྲེང་ནས་འགྲོ་ཤེས་པ་རྐྱང་རྐྱང་ཙམ་དུ་ཟད་པའི་ངེས་ཤེས་རྙེད།

ང་ཚོ་ཡང་བསྐྱར་སྔར་གྱི་ལམ་ཕྲན་དེད་ནས་ཕྱིེར་ལོག

ངས་ད་དུང་ཉག་ཁ་དེ་ལས་སྐེད་པ་སྒུར་བའི་བགྲེས་སོང་ཞིག་གི་གཟུགས་རིས་ཡང་ག་ལེར་ཡལ་བར་གྱུར་ཞིང་མཐར་མི་མངོན་པར་གྱུར་པ་གསལ་པོར་མཐོང་བྱུང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号