བོད་ཀྱི་དེང་རབས་བརྩམས་སྒྲུང་གི་དོགས་དཔྱོད།
རྩོམ་པ་པོ།:ཀེ་སྐྱབས་རྒྱལ།
དང་པོ། གླེང་སློང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ལས་དེང་རབས་ཀྱི་དོན་སྙིང་ལྡན་པའི་སྒྲུང་གཏམ་སྲོལ་འབྱེད་པའམ་རྨང་འདིང་མཁན་གཙོ་བོ་ནི་དཔལ་དོན་གྲུབ་རྒྱལ་ཡིན་ཞེས་དེ་ལ་དེང་རབས་སྒྲུང་གཏམ་གྱི་མིང་བཏགས་ཡོད་ལ། བོད་ཀྱི་དེང་རབས་བརྩམས་སྒྲུང་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་སྨད་དང་བརྒྱད་ཅུའི་འགོ་ནས་དབྱེ་དགོས་ཞེས་པ་སོགས་ཡོངས་གྲགས་ལ་དཔལ་དོན་གྲུབ་རྒྱལ་ནས་དེང་རབས་བརྩམས་སྒྲུང་དར་བར་འདོད་པ་གྲགས་ཆེ་ཡང་། «བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ»ཏུ། དེ་ལ་བརྩམས་སྒྲུང་གསར་པའི་མིང་སྤྱད་པ་དེར་དོན་ཞིག་ཡོད་དེ། མཚན་ངེས་དབྱེ་ཞིབ་ཀྱི་ཐབས་ལམ(定性分析法)ནས་དཔྱད་ན་ལོ་རབས་བརྒྱད་ཅུ་པའི་དུས་འགོར་དར་བའི་དངོས་ཡོད་རིང་ལུགས་གཞི་བྱས་ནས་བརྩམས་པའི་བརྩམས་སྒྲུང་ལ་བརྩམས་སྒྲུང་གསར་པ་དང་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ཙམ་ནས་གསར་རྩོམ་གྱི་ཐིག་ལེའི(写作的零度)རང་བཞིན་ལ་དོ་སྣང་བྱས་ནས་བརྩམས་པའི་བརྩམས་སྒྲུང་དག་ལ་དེང་རབས་བརྩམས་སྒྲུང་གི་མིང་བྱས་ན་རིགས་པ་དག་སྙམ། དེ་བས། བརྩམས་སྒྲུང་གསར་པ་དང་དེང་རབས་བརྩམས་སྒྲུང་ནི་སྒྱུ་རྩལ་གྱི་མཚོན་ཐབས་རང་རྐྱ་འཕེར་བ་གཉིས་ཡིན་པས་དེ་གཉིས་བོད་ཀྱི་བརྩམས་སྒྲུང་འཕེལ་རིམ་གྱི་རྣམ་པ་མི་འདྲ་བ་སོ་སོར་བྱས་ན་དེང་རབས་བརྩམས་སྒྲུང་ལ་ངེས་ཤེས་གསལ་པོ་བསྐྱེད་ནུས་པར་འགྱུར་རོ། །གཉིས་པ། བརྩམས་སྒྲུང་གསར་པ། རྩོམ་རིག་ལ་དངོས་ཡོད་འཚོ་བ་ལས་འདས་པའི་ཐོད་བརྒལ་གྱི་ཆ་ནི་ཡོད་དགོས་ཀྱང་། དེ་ཡང་དངོས་ཡོད་འཇིག་རྟེན་པའི་འཚོ་བའི་ངང་ཚུལ་ལས་འདས་པ་ཞིག་ཡིན་མི་རུང་བས་བརྩམས་སྒྲུང་གསར་པའི་མི་སྣ་དང་བྱུང་རིམ། ཁོར་ཡུག་ཞིབ་འབྲི་བཅས་ནི་སྲོལ་རྒྱུན་ལྟར་རགས་པའམ་རྩིང་པོ་མིན་པར་ཕྲ་ཞིང་ཞིབ་ལ་དངོས་ཡོད་དང་འབྲེལ་ཆེ་བས་མཛའ་ཉེའི་སྣང་བ་འབྱུང་བ་དང་དེ་ལྟར་དུ་ཡིད་འཕྲོག་པ་ཞིག་ཀྱང་ཡིན། “བརྩམས་སྒྲུང་གསར་པ་ལ་སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ་དང་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ཞེས་པའི་རྣམ་གྲངས་བཞག་ཡོད་ཀྱང་། སྲོལ་རྒྱུན་བྱུང་རིམ་གྱི་སྒྲུང་གཏམ་ནི་བརྩམས་སྒྲུང་གསར་པའི་ཐོག་མའི་རྣམ་པ་སྟེ། སྒྲུང་གཏམ་གང་ཞིག་གི་བྱུང་རིམ་སྔོན་མའི་ལྷ་སྒྲུང་དང་། ལོ་རྒྱུས། ངག་རྒྱུན། རྩོམ་པ་པོ་སྔོན་མའི་བརྩམས་ཆོས་སོགས་ལས་ཕྱུང་བ་ལ་གོ”ཞེས་པ་བཞིན། རྩོམ་པོ་པོའི་བློས་བསླངས་སམ་བློ་གྲོས་ཀྱི་རྩལ་ཁོ་ན་ལས་ཐོན་པ་མིན་པར་དམངས་ཁྲོད་གཏམ་རྒྱུད་ནས་སྒྲུང་གཏམ་གྱི་རྣམ་པར་བཅོས་སྒྲིག་བྱས་པའི་སྒྲུང་གཏམ་དག་ལ་ཟེར། དཔེར་ན་དཔལ་དོན་གྲུབ་རྒྱལ་གྱི«འབྲོག་སྟག་ཐང»དང་ལྡོང་ནོར་སྡེའི«བཅོས་མ་མིན་པའི་བརྩེ་དུང» གཅོད་པ་དོན་གྲུབ་ཀྱི«བུ་མོ་སྤུན་གསུམ»སོགས་ལྟར་རོ། །འདི་ལྟ་བུའི་བརྩམས་ཆོས་དག་ལ་སྲོལ་རྒྱུན་བརྩམས་སྒྲུང་ནས་བརྩམས་སྒྲུང་གསར་པར་བསྐྱོད་པའི་བར་བརྒལ་རང་བཞིན་ལ་ངོས་བཟུང་ཆོག དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ནི་དཔེ་མཚོན་ཅན་གྱི་ཁོར་ཡུག་ཁྲོད་ཀྱི་དཔེ་མཚོན་ཅན་གྱི་མི་སྣ་བཞེངས་སྐྲུན་བྱ་བ་ཡིན་ལ། དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་རྩ་བའི་རྩ་དོན་ནི་ཕྱི་དོན་གྱི་བདེན་པའི་རང་བཞིན་དོན་དུ་གཉེར་བ་དང་། ཕྲ་ཞིང་ཞིབ་ལ་ཕྱོགས་ཡོངས་ནས་མི་སྣའི་རང་བཞིན་འཕྱོར་འབྲི་བྱེད་པ། བདེན་དངོས་ཡོད་པ་དང་མྱོང་ཚོར་ཐུབ་པའི་དཔེ་གཞིའི་ཁོར་ཡུག་འཕྱོར་འབྲི་བྱེད་པ། ཆ་ཚང་ཞིང་གསོན་ཉམས་ལྡན་པའི་བྱུང་རིམ་འབྲི་བ་སོགས་ཀྱི་ཁྱད་ཆོས་གཞིར་འཛིན་པ་དེ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་གི་ངེས་པར་ཟིན་དགོས་པའི་གནད་ཡིན། བརྩམས་སྒྲུང་གསར་པའི་རྩ་བ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཡིན་པ་དང་སྲོལ་རྒྱུན་བྱུང་རིམ་ཅན་གྱི་བརྩམས་སྒྲུང་ནི་བརྩམས་སྒྲུང་གསར་པའི་འགོ་མ་ཚོས་པའི་རྣམ་པའམ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་གི་ནར་མ་སོན་པའི་རྣམ་པར་ངོས་བཟུང་ནའང་འགལ་བ་ཆེར་མེད། གཏམ་རྒྱུད་ལྟ་བུའི་རྣམ་པ་དེ་ལོ་རབས་བརྒྱད་ཅུ་པའི་བརྩམས་སྒྲུང་གསར་པ་དག་ལ་ཐུན་མོང་དུ་གནས། “སྤྱིར་ན་རྩོམ་རིག་གསར་པ་དར་བའི་འགོའི་རྩོམ་རིག་དང་བརྩམས་སྒྲུང་ལ་ཆེས་གཟབ་ནན་གྱི་ལྟ་སྟངས་བཟུང་མེད་པས་སྒྲུང་མ་གཏམ་དང་ར་མ་ལུག་གི་སྣང་ཚུལ་ཡང་ཡོད”ཅེས་པ་ཡང་འདི་ལ་ཐུག་ཡོད། འོན་ཀྱང་དངོས་ཡོད་རིང་ལུགས་ཀྱི་ཐོད་བརྒལ་གྱི་ཆ་དེ་བརྩམས་སྒྲུང་ཕལ་མོ་ཆེར་རྩོམ་པ་པོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཤ་སྟག་སྟེ་བྱུང་རིམ་གསར་གཏོད་དང་གོང་གི་རྩ་དོན་དང་ཁྱད་ཆོས་དེ་དག་ཟིན་པའི་སྟེང་ན་ཡོད་པས། བྱུང་རིམ་གཙོ་བོར་བྱས་པའི་སྒྲུང་གཏམ་ལ་དཔལ་དོན་གྲུབ་རྒྱལ་གྱི«སྤྲུལ་སྐུ»དང«སད་ཀྱིས་བཅོམ་པའི་མེ་ཏོག» ལྷུན་གྲུབ་ཀྱི«སྟོན་མཇུག་གི་བྱུང་བའི་གཏམ་རྒྱུད་རྟ་ནག་སྒྲོག་འགྲོས» རྡོ་རྗེ་རིན་ཆེན་གྱི«ཨ་མའི་སེམས» ཚེ་རིང་དོན་གྲུབ་ཀྱི«Dསྡེ་བའི་ཀླན་ཀ»དང«ར་ལོ»སོགས་མང་དུ་བྱུང་། བྱུང་རིམ་གཙོ་བོར་བྱེད་པའི་སྒྲུང་གཏམ་ལོ་རབས་བརྒྱད་ཅུའི་དུས་དཀྱིལ་ནས་དུས་རབས་ཉེར་གཅིག་གི་དུས་དང་དེའི་རྗེས་སུ་ད་དུང་བྱུང་ཡོད། དེ་མིན་བརྩམས་སྒྲུང་གསར་པའི་ཁྱད་ཆོས་གཞན་ནི་སྤྱི་ཚོགས་ཀྱི་གནས་སྟངས་ག་གེ་མོ་ལ་སྐྱོན་བརྗོད་བྱེད་པའམ་སུན་འབྱིན་བྱེད་པ། དོན་དག་ག་གེ་མོ་ལ་འབོད་སྐུལ་བྱེད་པ་སོགས་ཀྱི་ཁྱད་ཆོས་ཡོད། དཔེར་ན་དཔལ་དོན་གྲུབ་རྒྱལ་གྱི«སྤྲུལ་སྐུ»ཡིས་བོད་ཀྱི་སྤྱི་ཚོགས་གསར་བའི་ནང་པའི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་ཏེ་མི་དམངས་མང་ཚོགས་ལ་མགོ་བསྐོར་གཏོང་བའི་སྤྲུལ་སྐུ་རྫུན་མའི་ངན་སྤྱོད་དང་ནག་ཉེས་ལ་ཟུར་ཟ་དང་མཚང་འབྱིན་ངོ་རྒོལ་བྱེད་པ། གླང་མདུན་དཔལ་འབྱོར་གྱི«གཙུག་གཡུ»ཡིས་སྤྱི་ཚོགས་རྙིང་པའི་ཉེས་སྐྱོན་འདོན་པ། ཕོ་མོའི་བརྩེ་དུང་དང་གཉེན་སྒྲིག་རང་མོས་ལ་འབོད་སྐུལ་བྱེད་པ། «སད་ཀྱིས་བཅོམ་པའི་མེ་ཏོག»དང«རྩྭ་ཐང་གི་ཉིན་ཐོ»སོགས་བརྩམས་སྒྲུང་གསར་པ་ཀུན་ནི་དོན་གྱི་བྱུང་རིམ་གཙོ་བོར་བརྟེན་ནས་ལངས་ཕྱོགས་ངེས་ཅན་ཞིག་བཟུང་ཡོད་པས། ཀློག་པ་པོ་ལ་གནས་ལུགས་བརྗོད་པའམ་གོ་སྐོན་སློབ་གསོའི་ནུས་པ་ཐོན་ཅི་ཐུབ་བྱེད་པ་ཡིན།གསུམ་པ། དེང་རབས་བརྩམས་སྒྲུང་། དེང་རབས་བརྩམས་སྒྲུང་ནི་དེང་རབས་རིང་ལུགས་པའི་བརྩམས་སྒྲུང་ཞེས་པའི་བསྡུས་མིང་ཡིན་ལ། དེ་ནི་ནུབ་གླིང་ནས་ཚུར་དར་བའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན། “ལྗང་བུས1986ལོའི་སྦྲང་ཆར་དེབ་གཉིས་པའི་སྟེང་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་སྒྲུང«སོག་རུས་ལས་མཆེད་པའི་རྣམ་ཤེས»སྤེལ”ཞེས་པ་བཞིན་དེང་རབས་རིང་ལུགས་ཀྱི་ངང་ཚུལ་ཐོན་པའི་དེང་རབས་བརྩམས་སྒྲུང་ཐོག་མ་དར་འགོ་ཚུགས་པ་རྟོགས། སྐབས་འདི་ནས་བཟུང་བོད་ཀྱི་རྩོམ་སྟེགས་སུ་དེང་རབས་བརྩམས་སྒྲུང་གི་མྱུ་གུ་འབུས་ཤིང་ཡལ་འདབ་རྒྱས། རྩོམ་པ་པོའི་སྡེ་ནས་ཀྱང་དང་པོ་དངོས་ཡོད་འབྲི་བ་ནས་དེང་རབས་ལ་གཞོལ་བ་བཀྲ་བྷའི«ཤ་ཡུ་མོ་ཤེའུ»དང«ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ» སྟག་འབུམ་རྒྱལ་གྱི«སྡེ་དཔོན» རང་སྒྲའི«བྱི་ལའི་གཏམ་རྒྱུད» རིག་ལྡན་རྒྱ་མཚོའི«གནའ་གྲོང»དང«ཁྲིམས་ཁང་ཞིག་གི་བཅད་ཁྲ»ལྟ་བུ་སོགས་དང་། ཡང་དེང་རབས་བརྩམས་སྒྲུང་ལ་གོམ་པ་དང་པོ་ནས་སྤོས་པའི་རྩོམ་པ་པོ་ལྗང་བུ་དང་ལྷ་བྱམས་རྒྱལ། པད་མ་ཚེ་བརྟན། སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་མཚོན་པའི་རྩོམ་པ་པོ་ཡང་མང་ངོ་། ། དེང་རབས་བརྩམས་སྒྲུང་གིས“ཕྱིའི་འཇིག་རྟེན་གྱི་དངོས་ཡོད་ལ་འདྲ་བཟོས་དང་དེ་ཉིད་ཚུར་སྣང་བྱ་བ་རང་གི་རྩ་བའི་འགན་ཁུར་དུ་བྱ་བ་སྤངས་ཏེ། མིའི་རང་རིག་གི་འཇིག་རྟེན(主观世界)ལ་འཚོལ་རྟོགས་དང་སྔོག་འདོན་བྱ་བ་དམིགས་སུ་བཟུང”ཞེས་པ་བཞིན་བརྩམས་སྒྲུང་ལ་རང་དབང་གིས་རྟོག་བཟོ་བྱེད་པ་དང་རྩོམ་པ་པོས་རང་ཉིད་ཀྱི་འདུ་ཤེས་ཅི་ནུས་ནས་ཁྱབ་པར་བྱེད། དེ་ལྟར་འགོ་ནས་མཇུག་བར་བཀླགས་མ་ཐག་ཏུ་རྩོམ་པ་པོའི་བསམ་བློ་མངོན་གསལ་ཅན་གྱི་ཆ་མེད་པ་དང་རྩོམ་པ་པོས་སྤྱི་ཚོགས་ཀྱི་གནས་སྟངས་ག་གེ་མོ་ལ་བལྟས་ནས་སུན་འབྱིན་དང་དགག་བཞག་གི་ལས་ལ་མི་འབད་པར་རྩོམ་གྱི་སྒྲིག་གཞི་ཐོར་བུའི་རྣམ་པ་ལྟ་བུའི་ཁྱད་ཆོས་ཡོད། བརྩམས་སྒྲུང་གིས་ལངས་ཕྱོགས་ངེས་ཅན་ཞིག་ནས་རྩོམ་པ་པོ་བདེན་པའི་རང་བཞིན་ནམ་གནས་ལུགས་འཆད་པ་པོའི་ངོས་ནས་བརྩམས་མེད་པར་སྒྲུང་གཏམ་དེ་ཉིད་འཚོ་བའི་གཏུབས་ངོས་ནས་ཕྱོགས་སུ་མ་ལྷུང་བར་སེམས་ཀྱི་མྱོང་བ་དང་ཚོར་སྣང་ཁོ་ན་བརྗོད་པ་ནི་དེང་རབས་བརྩམས་སྒྲུང་གི་འབད་སའམ་མཛེས་དཔྱོད་ཀྱི་ལྟ་གྲུབ་ཡིན་ལ་རིན་ཐང་མངོན་ས་ཡང་ཡིན། འདི་ནི་དེང་རབས་བརྩམས་སྒྲུང་དང་བརྩམས་སྒྲུང་གསར་པའི་མི་འདྲ་ས་ཡིན་ལ། འདིས་བརྩམས་སྒྲུང་སྤྱིའི་རྣམ་པ་དང་སྒྲིག་གཞི་སོགས་ཀྱི་ཁྱད་ཕྱེ་ཡོད།བཞི་པ། མཇུག་བསྡུ་བ།
མདོར་ན། དེང་རབས་བརྩམས་སྒྲུང་གི་གཞི་འཛིན་ས་དེ་སྒྱུ་རྩལ་གྱི་བློས་བསླངས་དང་རྟོག་བཟོ་ལས་རྩོམ་པ་པོས་ཀུན་ཤེས་ཀྱི་མིག་དབང་ལྷུར་མི་ལེན་པ་དང་བསམ་བློའི་བརྩེ་དུང་ཀུན་གསལ་གྱི་ངོས་ན་མེད་པར་གསར་རྩོམ་གྱི་ཐིག་ལེའི་རྣམ་འགྱུར་ཐོག་མཐའ་གང་རུང་དུ་འཛིན་པའི་རྩ་དོན་ཡལ་བར་མི་འདོར་བས། དེང་རབས་བརྩམས་སྒྲུང་ལ་འཚོ་བའི་གཏུབས་ངོས་ཀྱི་ཁྱད་ཆོས་ཤིག་དང་བརྩམས་སྒྲུང་གསར་པ་འདི་དང་ལྡོག་སྟེ་བདེན་རྫུན་ཡག་བཙོག་གི་ལངས་ཕྱོགས་གསལ་ལ་རྩོམ་པ་པོ་ཀུན་ཤེས་ཀྱི་ངོས་ན་ཡོད་པས་དེ་གཉིས་སྒྱུ་རྩལ་གྱི་མཚོན་ཐབས་མི་འདྲ་བ་ཡིན། དེས་ན་ལོ་རབས་བརྒྱད་ཅུ་པའི་འགོར་དར་བའི་བརྩམས་སྒྲུང་དག་བརྩམས་སྒྲུང་གསར་པ་དང་། དེང་རབས་བརྩམས་སྒྲུང་ནི་ལོ་རབས་བརྒྱད་ཅུའི་དཀྱིལ་ཙམ་ནས་མཛེས་དཔྱོད་མི་འདྲ་བ་གསར་དུ་དར་བ་ལ་བརྟེན་ནས་བྱུང་བས། དེ་གཉིས་བོད་ཀྱི་བརྩམས་སྒྲུང་འཕེལ་རིམ་མི་འདྲ་བའི་རྣམ་པ་སོ་སོ་བ་རེད། །
ཟུར་ལྟའི་དཔྱད་གཞི།[1] ཆབ་འགག་རྟ་མགྲིན། བོད་ཀྱི་རྩོམ་རིག་ལོ་རྒྱུས། [M] མཚོ་སྔོན། མི་རིགས་དཔེ་སྐྲུན་ཁང་། 2018[2] བདུད་ལྷ་རྒྱལ། བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ། [D] གློག་རྡུལ་དཔར་མ།[3] རིན་ཆེན་བཀྲ་ཤིས། རྩོམ་པའི་རྣམ་གཞག་རིག་པའི་སྒོ་འབྱེད། [M] མཚོ་སྔོན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2022[4] ཚེ་དབང་རྣམ་རྒྱལ། བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་དེང་རབས་ཀྱི་ཆ་ལ་གསར་དུ་དཔྱད་པ། [J] ཀྲུང་གོའི་བོད་རིག་པ། 2020,3[5] བསོད་ནམས་རྒྱལ། དེང་རབས་སྒྲུང་གཏམ་གྱི་ངོས་འཛིན་སྐོར་གླེང་བ། [J] གློག་རྡུལ་དཔར་མ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注