«དཀར་ཟས་ཟ་མཁན»བཀླགས་རྗེས་ཀྱི་མྱོང་ཚོར།
ཝུའུ་ཧོན་གྱི་བརྩམས།
འཇམ་དཔལ་གྱིས་བསྒྱུར།
ཁ་སང༢༠༢༤ལོར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་ནི་ཧན་གོའི་བུད་མེད་རྩོམ་པ་པོ་ཧན་ཅང་ཡིན་པ་ཁྱབ་བསྒྲགས་བྱས། «དཀར་ཟས་ཟ་མཁན»ནི་དེའི་མཚོན་བྱེད་བརྩམས་ཆོས་ཡིན། «དཀར་ཟས་ཟ་མཁན»གྱིས་གཏམ་རྒྱུད་འདི་འདྲ་ཞིག་བཤད་ཡོད་དེ། ཁྱོ་ག་དང་ཁྱིམ་ཚང་། སྤྱི་ཚོགས། མི་ཚོགས་བཅས་ཀྱི་དྲག་ཤུགས་ལས་གཡོལ་ཆེད། ཧ་ཅང་སྤྱིར་བཏང་གི་ཁྱིམ་བདག་མ་དབྱིན་ཧེ་ཡིས་རང་ཉིད“སྡོང་བོ”ཞིག་ཏུ་འགྱུར་བར་ཐག་བཅད། ཁོ་མོས་གློ་བུར་དུ་ཤ་བཟའ་རྒྱུ་དང་ལེན་མ་བྱས་པ་དང་ནང་མིར་ཤ་ཚལ་གྲ་སྒྲིག་བྱ་རྒྱུ་ཡང་དང་ལེན་མ་བྱས། ཐ་ན་མཐའ་མཇུག་ཏུ་ཁོ་མོས་རང་ཉིད་ཀྱི"མིའི་རིགས"ཀྱི་ཐོབ་ཐང་དང་ལེན་མ་བྱས་པར་རང་ཉིད་རྩི་ཤིང་རྐང་གཅིག་ཏུ་བརྩིས་པ་སྟེ། ཉི་འོད་དང་ཆུ་ཁོ་ན་དགོས་པ་ལས་བཟའ་བཅའ་དང་བརྗེ་རེས་མི་བྱེད་པའི་རྩི་ཤིང་ཞིག་ལ་བརྩིས། བསམ་བློ་དང་ལུས་ཕུང་རྩ་བ་ནས་འགྱུར་ལྡོག་བྱུང་བའི་ཁྲོད་དུ། དབྱིན་ཧེ་ཡི་ཉེན་ཁའི་འབད་བརྩོན་གྱིས་རང་ཉིད་དཔེ་མི་སྲིད་པ་དང་། ཧ་ཅང་དགའ་བ། སྐྱོ་གར་རང་བཞིན་གྱི་སྒོ་ནས་མོས་སྔོན་ཆད་ཀུན་གྱིས་ཤེས་པའི་རང་ཉིད་ཀྱི་གཏམ་རྒྱུད་དང་རིང་དུ་གྱེས་སུ་བཅུག དཔྱད་བརྗོད་སྤེལ་མཁན་མང་པོ་ཞིག་གིས་རང་ཉིད་གཞན་དང་མི་འདྲ་བའི་ལྟ་ཚུལ་བརྗོད་ཡོད་མོད། འོན་ཀྱང་ངས་དཔེ་ཆ་འདི་བཀླགས་ཚར་རྗེས། ནང་སེམས་ཡུན་རིང་ལ་ཞི་འཇགས་སུ་གཏོང་དཀའ་བར་གྱུར།
གཅིག སྟོབས་ཤུགས་ཡོད་པའི་ཡི་གེ་ནི་རྣམ་ཤེས་སྐྱོབ་པའི་སྨན་མཆོག་ཡིན།
དོ་ནུབ་སློབ་ཁྲིད་མེད་པས་ཁོམ་ལོང་གི་དུས་ཚོད་ཐུང་ཐུང་ཞིག་དང་བསྟུན་ནས་ངས«དཀར་ཟས་ཟ་མཁན»ཞེས་པའི་སྒྲུང་ཐུང་འདི་བཀླགས་ཚར་སོང་། དོན་དངོས་སུ་ཆེས་ཐོག་མར་བརྩམས་སྒྲུང་འདི་ཀློག་པའི་སྐབས་སུ། ང་ལ་གནོན་ཤུགས་ཡོད་པ་མ་ཟད་ནང་སེམས་ནས་འཕྱུར་ཡོང་བའི་སྐྱུག་བྲོ་བའི་ཚོར་བ་ཞིག་ཡོད། དཔེར་ན་དཔེ་དེབ་ནང་ཐོག་མར་བྲིས་དོན། "ང(དབྱིན་ཧུའེ་ཡི་ཁྱོ་ག)བུད་མེད་དེ་འདྲ་དང་གཉེན་སྒྲིག་བྱེད་དོན་ནི་ཁོ་མོར་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་གང་ཡང་མེད་པ་དང་དུས་མཚུངས་སུ་དམིགས་བསལ་གྱི་སྐྱོན་ཆ་གང་ཡང་རྙེད་མི་ཐུབ་པའི་རྐྱེན་གྱིས་རེད། ཁོ་མོའི་སྤྱིར་བཏང་གི་གཤིས་ཀའི་ཁྲོད་དུ་མི་རྣམས་ཀྱིས་གློ་བུར་དུ་མིག་མདུན་གསལ་བར་བྱེད་པ་དང་། སྐད་ཆ་དང་རྣམ་འགྱུར་ལ་ལྟ་མཁས་པ། ནར་སོན་བརྟན་བརླིང་གི་ཕྱོགས་རྩ་བ་ནས་མཐོང་མི་ཐུབ། དེ་འདྲ་ཡིན་པའི་རྐྱེན་གྱིས་ང་གཞི་ནས་སྐྱིད་པོ་བྱུང"ཞེས་བཤད་བྱུང་། ངས་གཉེན་སྒྲིག་བརྒྱུད་མ་མྱོང་། འོན་ཀྱང་ངའི་འཚོ་བའི་འཇིག་རྟེན་དུ་དབྱིན་ཧའེ་ཁྱོ་ག་ལྟ་བུའི་སྐྱེས་པ་ནི་དངོས་གནས་མཐོང་མྱོང་བ་མ་ཟད་མྱོང་ཚོར་ཟབ་མོ་བྱུང་མྱོང་། ཡང་དཔེར་ན་དཔེ་དེབ་ཀྱི་མཇུག་ཏུ"ཁོ་མོས་ཁ་ཁུ་སིམ་པོའི་ངང་དབུགས་རིང་ཐེངས་གཅིག་རྔུབ་རྗེས་ལམ་འགྲམ་གྱི'འུར་འུར་དུ་འབར་བའི'ལྗོན་ཤིང་ལ་དམ་པོར་དམིགས་ནས་དེ་དག་ནི་ཡར་ལངས་པའི་གཅན་གཟན་གྲངས་ལས་འདས་པ་ཞིག་དང་འདྲ་བར་འོད་ལྗང་ཁུ་འཕྲོ་བཞིན་ཡོད། མོའི་མིག་མདངས་ནི་ནག་ཅིང་སྡང་མིག་བགྲད་ལ། ལན་ཞིག་འདེབས་པར་སྒུག་ཡོད་པ་དང་འདྲ། མ་རེད། དེ་ནི་ངོ་རྒོལ་བྱེད་པ་དང་འདྲ།
ངས་ཀྱང་དབྱིན་ཧེ་དང་འདྲ་བའི་བུད་མེད་མཐོང་མྱོང་། ཁོ་མོ་ཚོ་ཆུང་དུས་སུ་ཨ་ཕའི་དབང་གྲགས་དང་ཚོད་འཛིན་འོག་ཏུ་འཚོ་བ་རོལ་བ་དང་། གཉེན་སྒྲིག་བྱས་རྗེས་ཡང་ཁྱོ་གའི་དབང་གྲགས་དང་ཚོད་འཛིན་འོག་ཏུ་བརྟེན་པ་རེད། བསམ་བློའི་གོ་རྟོགས་སད་མེད་ལ་ཚེ་སྲོག་གི་རང་དབང་ཡང་མངོན་འགྱུར་ངོ་མ་བྱུང་མེད་པ་དང་། གཅིག་བྱས་ན་ངོ་ལོག་བྱུང་མྱོང་བ་དེ་མེ་ལྕེ་ཆུང་ཆུང་འབར་བ་དང་འདྲ་མོད། འོན་ཀྱང་ཕ་དབང་དང་སྐྱེས་པ་ཆེན་པོའི་རིང་ལུགས་ཀྱི་གྲང་རླུང་ཁྲོད་རིམ་བཞིན་གཟིམ་པ་རེད། སྤྲོ་སེམས་རབ་ཏུ་འཁོལ་བའི་འོད་ཟེར་དེ་ཡང་རྫོགས་མཐའ་མེད་པའི་སྐྱོ་སྣང་དང་མུན་ནག་གི་མཚན་གུང་ཞིག་ཏུ་ཡལ་སོང་། དབྱིན་ཧུའེ་དང་འདྲ་བའི་གཏམ་རྒྱུད་དུས་དང་རྣམ་པ་ཀུན་ཏུ་ངའི་འགྲམ་དུ་བྱུང་བཞིན་ཡོད་པ་དང་ཆབས་ཅིག ངས་ཀྱང་ཡི་གེའི་རྣམ་པའི་ཐོག་ནས་ཀློག་པ་པོའི་མདུན་དུ་མངོན་པར་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་ལ་ཉམས་ཞན་གྱི་བརྡ་རྟགས་ཤིག་བརྒྱུད་སྤྲོད་བྱས་ནས་རང་ཉིད་ཀྱི་ནང་སེམས་འཇིག་རྟེན་གྱི་བསམ་བློ་དང་དད་སེམས་ཤིག་མངོན་པར་བྱེད་འདོད་མོད། ཡིན་ན་ཡང་ངས་མཇུག་མཐར«དཀར་ཟས་ཟ་མཁན»དང་འདྲ་བར་མི་སེམས་སྒུལ་བའི་རྩོམ་ཡིག་དང་བརྩམས་སྒྲུང་འབྲི་མ་ཐུབ་པ་དང་། ཡང་ན་ང་མ་གཞི་འཇིག་རྟེན་དང་འབྲེལ་བ་ཟབ་མོ་མེད་པས་གནས་སྤོར་བས་ཁོ་ཚོའི་གནས་བབ་ལ་བསམ་བློ་གཏོང་མི་ཐུབ་པ་དང་། ཡང་ན་ངས་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་ད་དུང་ཆུ་ཚད་དམའ་བའི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། ཡང་ན་ང་ལ་མ་གཞི་ནས་འཚོ་གནས་དང་། འཚོ་བ། ཚེ་སྲོག་བཅས་ཀྱི་ཚོར་སྐྱེན་ནུས་པ་དང་གོ་རྟོགས་ཤིག་མེད་པའི་རྐྱེན་གྱིས་རེད།
ངས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་བྱེད་པ་གཏན་ནས་དོར་མ་མྱོང་བ་དང་། ཚེ་སྲོག་གི་བརྩེ་དུང་ཁོ་ནར་རེ་སྙེག་བྱེད་པ་གཏན་ནས་དོར་མ་མྱོང་། ཕུགས་བསམ་གྱི་ལམ་དུ་སྐྱོད་པའི་དཀའ་ངལ་ལའང་མགོ་སྒུར་མ་མྱོང་། ད་དུང་ང་རང་དབྱིན་ཧའེ་དང་འདྲ་བར་འཇིག་རྟེན་དུ་འཚོ་བ་རོལ་ཐབས་མེད་པའི་མི་དག་བརྗེད་མ་མྱོང་།
ཡི་གེ་བརྒྱུད་ནས་ཕྱིར་མངོན་པའི་ཉམས་སད—སྐྱོབ་པའི་ཐབས་ལམ་ནི་དེའི་ཁྲོད་ན་ཡོད།
རྒྱ་ཡིག་དང་ཧན་གོའི་ཡི་གེ དབྱིན་ཡིག་དང་ཞི་པན་ཡའི་ཡི་གེ་གང་ཡིན་རུང་ཡི་གེ་ནི་མིའི་ནང་སེམས་ཀྱི་བརྩེ་བ་མཚོན་པའི་རྣམ་པ་ཞིག་ཡིན། རྒྱ་ཡིག་གི་ཐུན་མོང་མ་ཡིན་པའི་ཆ་ནི་དེ་རང་སྟེང་ནས་སྒྱུ་རྩལ་ཞིག་ཡིན་པ་དེ་རེད། མི་མང་པོ་ཞིག་གིས་དཔེ་ཆ་ལྟ་འདོད་མེད་པ་དེ་ནི་ངོ་བོ་ཆགས་ཟིན་པའི་སྲ་མཁྲེགས་ཀྱི་བསམ་བློ་བསྒྱུར་འདོད་མེད་པ་དེ་རེད། "རི་ཀླུང་བསྒྱུར་སླ་ཡང་རང་གཤིས་འགྱུར་དཀའ"ཞེས་པ་ལྟར"རི་ལ་ལྟ་བ་ནི་རི་ཡིན"ཞེས་པའི་དོན་སྙིང་དང་པོ་ནས"རི་ལ་ལྟ་བ་ནི་རི་མིན"ཞེས་པའི་དོན་སྙིང་གཉིས་པར་བཙོ་སྦྱང་བྱས་པ་དང་། དེ་ནས"ཕྱིར་ལོག་ནས་རི་ལ་ལྟ་བ་ནི་རི་ལ་ལྟ་བ་ཡིན"ཞེས་པའི་དོན་སྙིང་གསུམ་པའི་བར་བརྒྱུད་དགོས་ཚེ་རུས་རྐང་ལ་ཟུག་པ་ལྟ་བུའི་སྡུག་བསྔལ་མྱོང་དགོས་ཀྱིན་ཡོད། ན་ཟུག་ནི་ང་ཚོ་ཚང་མས་བརྒྱུད་མི་འདོད་པ་ཞིག་ཡིན། ན་ཟུག་མྱོང་བ་ལས་ཡུན་རིང་ལ་ཞི་འཇམ་གྱི་མཛེས་སྡུག་ལྡན་པའི་འཕྲུལ་སྣང་ཁྲོད་ནས་འགེབས་སྲུང་བཙལ་ན་ལེགས་པར་བསམ། འགེབས་སྲུང་འདིའི་རིགས་ནི་ཨ་ཕའི་གཅེས་སྐྱོང་ཡིན་ནའང་འདྲ། ཁྱོ་གའི་གཅེས་སྐྱོང་ཡང་ཡིན་ནའང་མཚུངས། འགེབས་སྲུང་འདི་རིགས་ལ་རླུང་འཚུབ་དྲག་པོ་ཐེབས་ནས་ཆག་སྐྱོན་བྱུང་བའི་སྐབས་སུ། ཁོ་མོ་ཚོའི་ན་ཟུག་ད་གཟོད་དངོས་གནས་འཕར་འགོ་བརྩམས་པ་མ་ཟད། དུས་ཚོད་ཀྱི་བཞུར་རྒྱུན་དང་བསྟུན་ནས་བཟོད་བསྲན་བྱེད་དཀའ་བར་གྱུར་ཏེ། རང་ཉིད་ཀྱི་རང་དབང་གི་ཚེ་སྲོག་བློས་གཏོང་བའམ་ཡང་ན་མེ་ལྕེ་དྲག་པོའི་ཁྲོད་དུ་བསྐྱར་གསོན་བྱེད་པ་འདེམས་པ་ནི་བསམ་བློ་གཏོང་རིན་ཡོད་པའི་གདམ་ག་ཞིག་རེད།
བུད་མེད་མང་ཆེ་བས་སྔོན་མ་འདེམས་པ་སྟེ་དཔེར་ན་སྐྱེས་པ་མང་ཆེ་བས་འུ་ཐུག་ཐབས་ཟད་ཀྱིས་འགྲིག་ཐབས་བྱེད་པ་ལྟ་བུ། དོན་དམ་པས་ཕྱི་མ་འདེམས་པའི་བུད་མེད་དག་དཔེ་ཆའི་ནང་གི་དབྱིན་ཧེ་དང་འདྲ་བར་དམར་ཟས་དང་ལེན་མི་བྱེད་པ་དང་། དེ་ནས་ཆུ་དང་ཉི་འོད་མ་གཏོགས་པའི་ཟས་རིགས་ཡོད་ཚད་དང་ལེན་མི་བྱེད་པའི་བར་དུ་སྨྱོ་ནད་ཅན་དང་འདྲ་བའི་བྱ་སྤྱོད་སྤེལ་བ་སོགས་བྱས་མེད་མོད། འོན་ཀྱང་དེ་དང་འདྲ་བའི་དོན་དག་བརྒྱུད་པ་ཁོ་ཐག་ཡིན་སྟེ། སྨྱོ་བ་ལྟར་ཁ་རྩོད་རྒྱག་པ་དང་། སེམས་སྡུག་ཚད་མེད་ཀྱིས་ངུ་བ། ཉེ་འགྲམ་གྱི་དངོས་པོ་བཅག་པ། རང་གི་གྲོགས་པོར་རྫོགས་མཐའ་མེད་པར་བཤད་པ་ལས་མི་གཞན་གྱི་རྒྱུས་ལོན་ངོ་མ་ཐོབ་མི་ཐུབ། བུད་མེད་ལ་ལས་འཁོན་འཛིང་བརྒྱུད་རྗེས་ཡུན་ཧ་ཅང་རིང་པོ་ཞིག་ལ་རང་ཉིད་ཀྱི་སེམས་གཏིང་གི"རྨི་ལམ"ཉམས་གསོ་བྱ་དགོས་པ་དང་། བུད་མེད་ལ་ལར་སྔོན་ཆད་ཀྱི་འཛུམ་མདངས་ཀྱི་རྣམ་འགྱུར་མེད་པར་རྣམ་རྟོག་མེད་པར་གྱུར་པ་དང་། བུད་མེད་ལ་ལར་དུས་ཡུན་རིང་པོའི་འཚོ་བའི་ནང་སྐྱོབ་ཐབས་མ་རྙེད་པར་ཡང་བསྐྱར་ཕ་དབང་དང་སྐྱེས་པ་ཆེན་པོའི་རིང་ལུགས་ཀྱི་འཇིག་རྟེན་དུ་ཕྱིར་ལོག་པ་མ་ཟད་སྡུག་ཁུར་གྱིས་ཁོ་ཚོའིསྐྱེས་པ་རིང་ལུགས“སྤེལ་རོགས”སུ་གྱུར་པ་རེད། བུད་མེད་ཉུང་ཤས་ཤིག་གིས་ད་གཟོད་རང་ཉིད་རྒྱུ་ནོར་གྱི་རང་དབང་དང་མི་གཤིས་ཀྱི་རང་བཙན་མངོན་འགྱུར་བྱེད་ཐུབ་ཚེ། ད་གཟོད་ཚེ་སྲོག་གི་རང་དབང་དང་ལྷད་མེད་ཀྱི་བརྩེ་བ་ཐོབ་ཐུབ་པ་ཤེས་ཐུབ།
ངས་དུས་ཡུན་རིང་བོར་གཤིས་ཀ་འདི་ལྟ་བུའི་བུད་མེད་ཅིག་བཙལ་བ་ཡིན། ཡང་ན་སྐྱེས་པ་ཞིག། བུད་མེད་རྩོམ་པ་པོས་བུད་མེད་མི་སྣ་གསར་བཟོ་བྱེད་པའི་སྐབས་སུ་ཁོ་ཚོའི་སེམས་གཏིང་གི་སེམས་ཁམས་ལ་དབྱེ་ཞིབ་བྱེད་སླ་བ་རེད། འདི་ནི་ངས་བསྒྲུབ་དཀའ་བ་ཞིག་རེད། ཧན་ཅང་ལྟ་བུའི་རྩོམ་རིག་པ་རྩེ་གྲ་ཞིག་གིས་བུད་མེད་མི་སྣ་གསར་བཟོ་བྱས་པ་གསོན་ཉམས་ལྡན་པ་མ་ཟད། སྐྱེས་པ་མི་སྣ་གསར་བཟོ་བྱས་པ་ཡང་དེ་བཞིན་གཏིང་ཟབ་པ་རེད། འདི་ནི་དོན་དངོས་སུ་རྩོམ་པ་པོས་མི་གཤིས་ལ་གཏིང་ཟབ་པའི་གཤག་བཅོས་དང་མྱོང་ཚོར་བྱས་ཡོད་པས་རེད། ང་རང་སྐྱེས་པའི་ཕྱོགས་ནས་འཇིག་རྟེན་འདི་ལ་ལྟ་ཞིབ་བྱེད་པར་གོམས་ཡོད་པ་དང་། ཡང་གུ་དོག་པའི་དངོས་ཡོད་འཚོ་བའི་ཚད་བཀག་ལས་ཚོར་བ་ཐོབ་མི་ཐུབ་པ་དང་། སྐད་ཆས་དབུལ་བ་དང་ཁུ་སིམ་པའི་སེམས་ཁམས་ཀྱིས་ང་ལ་དེ་བས་ཀྱང་སེམས་ཁྲལ་བྱེད་དུ་བཅུག་པ་རེད། «དཀར་ཟས་ཟ་མཁན»བཀླགས་ཚར་རྗེས་ང་ལ་སྒོ་དང་སྒེའུ་ཁུང་གསར་བ་ཞིག་ཕྱེས་པ་དང་འདྲ་ལ། སྒོ་དང་སྒེའུ་ཁུང་འདི་བརྒྱུད་ནས་ངས་ཕྱི་རོལ་གྱི་ནམ་མཁའ་མི་འདྲ་བ་དང་ནམ་མཁའི་འོག་གི་འགྲོ་བ་ཐམས་ཅད་ཀྱི་རྣམ་ཤེས་མི་འདྲ་བ་མཐོང་ཐུབ།
“ཁོ་མོས་རང་ཉིད་གནའ་སྔ་མོ་ཞིག་ནས་ཤི་སོང་བ་ཤེས་ཡོད་ལ། ད་ལྟ་ནི་རྣམ་ཤེས་འཁྱམ་པོ་ཞིག་ལས་མ་འདས་ལ། ཁེར་རྐྱང་གི་མི་ཚེ་ཡང་ཟློས་གར་ཞིག་ལས་མ་འདས།”
མི་སེམས་སྐྱོ་རུ་འཇུག་པའི་ཡི་གེ་འདི་དག་མཉམ་དུ་སྡེབ་ནས་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ནས་ང་རང་རྫོགས་མཐའ་མེད་པའི་གཡང་གཟར་དུ་དེད།
“ང་འདི་འདྲའི་རྣོ་ངར་ཅན་ཞིག་ཏུ་གྱུར་བ་ནི་ཅི་ཞིག་བརྟོལ་བའི་ཆེད་དུ་ཡིན་ནམ།”
མུན་ནག་དང་གྲང་ངར་ཆེ་བའི་གཡང་གཟར་ཁྲོད་དུ་ཡང་འོད་ཟེར་ཞིག་དྲང་མོར་ངའི་སྒལ་པར་འཕྲོས་ཤིང་། ངས་མིག་རབ་རིབ་ཅིག་ཕུར་ཕུར་བྱས་པ་དང་། ཡང་སྟོབས་ཤུགས་སྐྱེས་ནས་ལུས་པོ་སྔར་ལས་ཡང་མོར་གྱུར་བ་དང་། དལ་མོར་གཡང་གཟར་ནས་ཡར་འཕགས་པ་དང་འདྲ། སྟོབས་ཤུགས་འདི་ནི་ཡི་གེའི་ཡིད་དབང་འཕྲོག་པའི་ཆ་ཡིན་ཞིང་། དེ་དག་གིས་ང་རང་རབ་རིབ་ཏུ་གྱུར་ཞིང་། གདུག་རྩུབ་ཆེ་བའི་དོན་དངོས་ཀྱིས་མནར་གཅོད་གཏོང་གྲབས་ཡོད་པའི་བླ་སྲོག་དེ་བསྐྱབས་པ་ཐེངས་གཅིག་ག་ལ་ཡིན།
གཉིས། ཁེར་རྐྱང་དུ་འགྲོ་བའི་ལུ་གུ་ཆུང་ཆུང་ཞིག་བྱས་ནའང་ཅི་སྐྱོན།
ང་རང་དགའ་བའི་མི་དེ་འུར་ཟིང་ཆེ་བའི་མི་ཚོགས་ཁྲོད་ནས་མེད་པར་གྱུར་སོང་། ང་རང་སུན་སྣང་སྐྱེས་པའི་མི(སྔོན་ཆད་ཀྱི་ལོ་ཟླ་དེ)ཡིས་རྣོ་ངར་ཆེ་བའི་འུར་སྒྲ་གྲགས་ལ་དུས་དང་རྣམ་པ་ཀུན་ཏུ་རྙོག་དྲ་བཟོ་བཞིན་ཡོད། ངས་རང་ཉིད་ཀྱི་འཚོ་བའི་རེ་སྨོན་ལ་གཡོལ་བར་དམིགས་འབེན་གསལ་བོ་ཞིག་ཡོད། དགའ་བ་ལས་མི་ཐོབ་པ་དང་ཐོབ་ཀྱང་བརྩེ་བ་མེད་ན་ངས་ཁེར་རྐྱང་གི་ལུ་གུ་ཞིག་འདེམས་ནའང་སྐྱོན་མེད། ངའི་གཤིས་ཀ་སྔར་ལས་ནང་ཕྱོགས་ཅན་དུ་གྱུར་བ་དང་། ཚང་མས་ཤེས་གསལ་ལྟར་སྤྲོ་སྣང་ལྡན་ཞིང་ཉི་འོད་ལྡན་པའི་མིའི་སེམས་གཏིང་ནི་གཞན་ལས་ལྷག་པའི་གཏིང་ཟབ་ཅིང་རབ་རིབ་ཅིག་ཡིན། ངས་རྩོམ་རིག་བརྩམས་ཆོས་ནང་ནས་ཕྱིར་མངོན་འདོད་པའི་བསམ་བློ་ཀློག་ཤེས་པའི་སྐད་ཅིག་མ་དེར་ངས་རང་ཉིད་སྨྱོ་བ་དང་ཐག་མི་རིང་བ་ཤེས། ང་འཚོ་ཐབས་ཀྱི་དབང་གིས་འུ་ཐུག་ནས་འཁོར་བའི་གཟེབ་ནང་དུ་ལྷུང་ལ། ཐེངས་མང་པོར་འཕག་འཚག་བྱས་ཀྱང་ཐར་ཐབས་མ་རྙེད། ཉིན་རེ་ནས་ཉིན་རེར་རང་ཉིད་ལ་བཙན་གྱིས་གདོང་གཏོད་མི་འདོད་པའི་བྱ་བ་སྒྲུབ་ཏུ་བཅུག་པས། སྔར་ལས་ཡི་མུག་པར་གྱུར་བ་དང་། གྲང་ངར་ཆེ་བའི་མཚན་མོ་མང་པོ་ཞིག་ལ་འདོད་པ་ཕྱིར་འདོན་ས་མེད་པས་ཁོང་ཁྲོ་ལངས་སླ་བར་གྱུར། རླུང་ཞི་རླབས་འཇགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་ལས་མི་རྣམས་ལ་ནང་སེམས་འཇིག་རྟེན་གྱི་དྲག་ཆར་རླུང་འཚུབ་ཤེས་སུ་འཇུག་མི་འོས། ཐེངས་མང་པོར་བློས་གཏོང་འདོད་ཀྱང་ཐོག་མཐའ་བར་གསུམ་དུ"དངོས་ཡོད་འཚོ་གནས"ཀྱི་དཀའ་ངལ་དངོས་ལས་གཡོལ་ཐབས་མེད། ངས་རྒྱུན་ཆད་མེད་པར་རང་ཉིད་ལ་དྲི་བ་འདོན་རྒྱུར“མི་གསོན་པ་ནི་ཡང་སྙིང་ཅི་ཞིག་གི་ཆེད་དུ་ཡིན་ནམ། ངོ་མ་གསོན་པའི་ཆེད་དུ་ཡིན་ནམ།” ང་ནི་རི་དྭགས་ཆུང་ཆུང་ཞིག་དང་འདྲ་སྟེ།རང་དབང་གི་འཚོ་བ་འཕྲོག་པ་དང་འཚོ་གནས་ཁོ་ན་བྱེད་པའི་ལུག་ཆུང་ཆུང་ཞིག་ཡིན།
“ཁྱོད་ཀྱི་ཀུན་སྤྱོད་འདི་ལ་ལྟོས་དང་། ཁྱོད་ཀྱིས་ད་ལྟ་ཤ་མི་ཟ་ན། འཛམ་གླིང་ཡོངས་ཀྱི་མིས་ཁྱོད་ཟ་ངེས་ཡིན།”
ང་སྐྲག་སོང་ངམ། ང་ལ་འཇིགས་སྣང་སྐྱེས་སམ།ང་རེ་ཐག་ཆད་སོང་ངམ། གནས་སྐབས་ཀྱི་རྡུང་རྡེག་གིས་དངོས་ཡོད་ཀྱི་འཚོ་བ་བསྒྱུར་མི་ཐུབ་ན། ངས་ས་སྲོད་ཀྱི་ནམ་མཁའ་ལ་བལྟས་ནས་རེ་བ་འཚོལ་རྒྱུ་ལས་མེད། ང་རང་བར་ཁྱམས་ནས་བསྡད་དེ་ནུབ་ཕྱོགས་ཀྱི་མཚམས་སྤྲིན་སྨུག་པོ་ཞིག་ལ་བལྟས་ལ། འཇམ་ཞིང་ལྷིང་འཇགས་ཡིན་པའི་སྐབས་འདིར་ང་ལ་རང་དབང་ཐོབ་པ་དང་འདྲ། རྒྱང་རིང་གི་བྱེའུ་ཆུང་ཆུང་ཞིག་གིས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་འདུག དེ་ལ་སུན་སྣང་ཅི་ཞིག་ཡོད་དམ། ངས་ཀྱང་སྔོན་ཆད་རང་ཉིད་ལུ་གུ་ཞིག་ཏུ་གྱུར་བ་རྨི་ལམ་དུ་རྨིས་མྱོང་། མུ་མཐའ་མེད་པའི་ལྗང་མདོག་གི་རི་ཐང་དུ་བག་ཕེབས་ངང་རྩྭ་ཟ་བཞིན་ཆུ་འཐུང་བཞིན་སེམས་སྡུག་དང་སུན་སྣང་མེད།
“འདི་ནི་རྨི་ལམ་ཁོ་ན་ཞིག་རེད་།”
ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཅིན་ཀྲུའུ་ཅི་ནན་གྲོང་བརྡལ་ནས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注