མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི«བོད་ཀྱི་དཀར་ཆག་རིག་པ»ཡི་རིག་གཞུང་རིན་ཐང་ལ་དཔྱད་པ།

ཕྱག་རྡོར་སྐྱབས།

ནང་དོན་གནད་བསྡུས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི«བོད་ཀྱི་དཀར་ཆག་རིག་པ»ནི་ཉེ་རབས་བོད་ཀྱི་དཀར་ཆག་ཐད་གཞུང་ལུགས་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཡིན་ལ། དཀར་ཆག་གི་གོ་དོན་དང་ནུས་པ། ཇི་ལྟར་བྱུང་བའི་ལོ་རྒྱུས་སོགས་བརྗོད་དོན་གསལ་ཞིང་རང་ཅག་ལ་ཉེ་བར་མཁོ་བའི་བརྩམས་ཆོས་ཤིག་ཡིན་པས། འདིར་རང་བློས་ལྕོགས་ཚོད་ཀྱིས་མཁས་དབང་ཁོང་གི་བརྩམས་ཆོས་ལ་བོད་ཀྱི་དཀར་ཆག་རིག་པའི་བྱུང་འཕེལ་དང་ཡིག་ཆ་འཚོལ་བསྡུ། བེད་སྤྱོད་སོགས་ཕྱོགས་མང་པོར་རིན་ཐང་ཆེན་པོ་ལྡན་པའི་སྐོར་ནས་དཔྱད་པ་རགས་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ། དུང་དཀར་བློ་བཟང་འཕྲིན་ལས། དཀར་ཆག་རིག་པ། རིག་གཞུང་རིན་ཐང་།
       མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི«བོད་ཀྱི་དཀར་ཆག་རིག་པ»ནི་ཉེ་རབས་བོད་ཀྱི་དཀར་ཆག་ཐད་གཞུང་ལུགས་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་རེད་ལ། མཁས་དབང་ཁོང་གིས་སྔོན་བྱོན་མཁས་པ་མང་པོས་བརྩམས་པའི་དཀར་ཆག་གི་གཞུང་ལ་གཞིར་བྱས་ཤིང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་ནས་དཀར་ཆག་རིག་པའི་མིག་སྔའི་གནད་དོན་སོགས་ལ་བསམ་ཞིབ་ནན་ཏན་གྱིས་བརྩམས་ཆོས་འདི་ལྟ་བུ་ཞིག་ལེགས་པར་བརྩམས་པ་དང་། ཁོང་གི་བརྩམས་དེབ་ལ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་དབུ་འཛིན། ཞིབ་འཇུག་པ་གཞོན་པ་དགྲ་འདུལ་མཆོག་གིས་འདི་ལྟར་གདེང་འཇོག་གནང་འདུག་སྟེ། “«བོད་ཀྱི་དཀར་ཆག་རིག་པ»ཞེས་པ་དེའི་ནང་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་བཀའ་བསྟན་གསུང་རབ་རིག་གནས་བཅས་ཀྱི་དཀར་ཆག་བསྒྲིགས་པའི་ཉམས་མྱོང་ཕྱོགས་བསྡོམས་མཛད་ནས་བོད་ཀྱི་ཁྱད་ཆོས་དང་མཐུན་པའི་དཀར་ཆག་བཟོ་རྒྱུའི་ཐད་ཀ་ཐོ་དང་། ཨང་རྟགས། སྡེ་ཚན་རྩོམ་པ་པོ། རྩོམ་མིང་། བམ་གྲངས། པོད་གྲངས། ནང་དོན་གནད་བསྡུས། ཡིག་གཟུགས་མ་དཔེ་སོགས་ཇི་ལྟར་བཀོད་དགོས་ལུགས་སྐོར་ལ་དགེ་མཚན་དུ་མ་དང་ལྡན་པའི་དཀར་ཆག་གི་རིག་པའི་གཞུང་ལུགས་ལེགས་བསྒྲིགས་གནང་ཡོད”ཅེས་ཕྱོགས་སྡོམ་གནད་དུ་ཐིངས་པ་བྱས་འདུག འོན་ཀྱང་ད་སྔ་བར་མཁས་དབང་ཁོང་གི་བརྩམས་ཆོས་འདི་ལ་དམིགས་སུ་ཞིབ་འཇུག་བྱས་པ་ཉུང་བ་དང་། ཡོད་པ་རེ་གཉིས་ཀྱང་ཆེད་རྩོམ་འདིའི་གྲུབ་སྟངས་དང་ཁྱད་ཆོས་ཙམ་གླེང་བ་ལས་རིག་གཞུང་རིན་ཐང་སྐོར་གླེང་བ་མེད་པས། ཁོ་བོས་བརྩམས་ཆོས་འདིའི་བོད་ཀྱི་དཀར་ཆག་རིག་པའི་བྱུང་འཕེལ་དང་ཡིག་ཆ་འཚོལ་བསྡུའི་རིན་ཐང་སྐོར་ནས་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཙམ་གླེང་བར་བྱ་སྟེ།

༡ བོད་ཀྱི་དཀར་ཆག་རིག་པའི་འཕེལ་རྒྱས་ལ་ཐོན་པའི་རིན་ཐང་།

བོད་སྔ་རབས་ཀྱི་མཁས་པ་ཚོས་བཀའ་བསྟན་གྱི་དཀར་ཆག་གཙོ་བྱས་དཀར་ཆག་མང་པོ་ཞིག་བསྒྲིགས་ཡོད་མོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གནའ་དེང་ཟུང་འབྲེལ་གྱིས་བོད་ཀྱི་དཀར་ཆག་རིག་པའི་དེབ་འདི་མ་བརྩམས་གོང་བོད་རང་ལ་དཀར་ཆག་རིག་པ་ཞེས་གཞུང་ལུགས་རང་བཞིན་གྱི་དེབ་ཅིག་བྱུང་མེད་ཅེས་བཤད་ནའང་ཐལ་ཆེ་བར་མི་འགྲོ་ལ། མཁས་དབང་ཁོང་གིས་བོད་ཀྱི་དཀར་ཆག་རིག་པ་ཞེས་པ་འདི་ནི། “བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ནས་ད་ལྟའི་བར་ལོ་གྲངས་ཆིག་སྟོང་བརྒྱ་དང་བརྒྱད་ཅུ་གྱ་བཞིའི་རིང་བཀའ་བསྟན་དང་གསུང་རབ་རིག་གནས་བཅས་ཀྱི་དཀར་ཆག་བསྒྲིགས་པའི་ཉམས་མྱོང་ཕྱོགས་སྡོམ་དང་། ཕྱོགས་བསྡོམས་དེ་དག་གཞིར་བྱས་པའི་རིག་པའི་གནད་བསྡུས་ཉུང་ངུ་ཞིག་ཡིན”ཞེས་པ་ལྟར། དེའི་སྔོན་དཀར་ཆག་བསྒྲིགས་པ་ཙམ་ལས་རིག་པའི་གཞུང་ལུགས་ཀྱི་སྟེང་ནས་རྩོམ་མཁན་མ་བྱུང་བ་དང་། དེང་སྐབས་ཆེད་ལས་ཀྱི་རང་བཞིན་མངོན་གསལ་དོད་པོས་ཞིབ་འཇུག་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བ་དང་མཉམ་དུ་དཀར་ཆག་གི་ལས་དོན་འདི་ཡང་གཞུང་ལུགས་དང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་བྱ་དགོས་པར་ཐུག་པས་མཁས་དབང་ཁོང་གིས་བོད་ཀྱི་དཀར་ཆག་རིག་པ་འདི་བརྩམས། འདི་ནི་སྔོན་གྱི་དཀར་ཆག་བསྒྲིགས་པ་ཙམ་ལས་བརྒལ་ཏེ་དཀར་ཆག་བསྒྲིགས་པའི་ཉམས་མྱོང་མང་པོ་ཕྱོགས་སྡོམ་གྱིས་རིག་པའི་གཞུང་ལུགས་ཡོད་པའི་སྟེང་ནས་བརྩམས་པ་དང་། དེབ་ཀྱི་གཞུང་ལ་བབས་ན་ང་ཚོས་དཀར་ཆག་གི་གོ་དོན་དང་ནུས་པ། ལོ་རྒྱུས། གནའ་རབས་ཀྱི་དཀར་ཆག་རིག་པ། དཀར་ཆག་རྒྱས་འབྲིང་བསྡུས་གསུམ་འགོད་ཚུལ། དགོན་སྡེའི་དཀར་ཆག་སྒྲིག་སྟངས་སོགས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་རྒྱབ་རྟེན་བཅོལ་ཆོག་པའི་གཞུང་ལུགས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན། དེ་བཞིན“དཀར་ཆག་བཟོ་རྒྱུ་ནི་སྤྱིར་བཏང་གི་ལས་ཀ་ཞིག་མ་ཡིན་པར། ཞིབ་འཇུག་བརྟག་དཔྱད་བྱེད་རྒྱུའི་ནང་ཐོག་མར་གལ་ཆེ་བའི་ལས་ཀ་ཞིག་རེད”ཅེས་གསུངས་པ་ལྟར། དཀར་ཆག་གི་ལས་དོན་ནི་ལས་སླ་མོ་ཞིག་མིན་པར། དེ་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་འདུག མཁས་དབང་ཁོང་གིས་གོ་རིམ་དང་པོར་སྡེ་ཚན་དང་ཤོག་གྲངས་འཁྲུགས་པ་རྣམས་ལེགས་སྒྲིག་དང་། མིང་ཐོ་ཤོག་གྲངས་བཅས་འགོད་རྒྱུ། གོ་རིམ་གཉིས་པར་སྡེ་ཚན་སོ་སོར་ཕྱེ་ནས་ཁག་བགོས་ཏེ་འཇོག་རྒྱུ། གོ་རིམ་གསུམ་པར་དཀར་ཆག་དངོས་སུ་བཟོ་མགོ་ཚུགས་དགོས་པ་དང་། དེ་ལ་བཟོ་གྲྭ་ཁང་ལྟར་གཅིག་ལ་གཅིག་བརྒྱུད་ཀྱི་བྱ་རིམ་མང་པོ་ཡོད་ཅེས་སྡོམ་ཚིག་གནང་འདུག མ་ཟད་བོད་རང་ལ་དཀར་ཆག་རིག་པ་ཞེས་པ་ཞིག་མེད་པ་ནས་ཡོད་པ། ཡོད་པ་ནས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་མང་པོས་སློབ་སྦྱོང་བྱ་སའི་བརྩམས་དེབ་གལ་ཆེན་ཞིག་ཏུ་གྱུར། བོད་ཀྱི་དཀར་ཆག་རིག་པ་ཞེས་པའི་དེབ་འདི་ནི་དཀར་ཆག་གི་ལས་དོན་ལ་ཞིབ་འཇུག་དང་དེ་འཕེལ་རྒྱས་གཏོང་བར་མེད་དུ་མི་རུང་བའི་ལག་ཆ་ཞིག་རེད་ཅེས་བརྗོད་ཆོག་པར་སྙམ།

༢ ཡིག་ཆ་འཚོལ་བསྡུའི་ཐད་ཀྱི་རིན་ཐང་།

སྤྱིར་བཏང་དཀར་ཆག་ཅེས་པ་མང་ཆེ་བས་དཔེ་དེབ་ཀྱི་དཀར་ཆག་ལ་གོ་བཞིན་ཡོད། དཔེ་དེབ་ཀྱི་དཀར་ཆག་ལ་མཚོན་ན་དཔེ་དེབ་བྱུང་བ་དང་མཉམ་དུ་དཀར་ཆག་བྱུང་བ་ཡིན་པ་དང་། འཚོལ་བདེ་བ་དང་བསྡུ་ཉར་སྟབས་བདེ་བའི་ཆེད་དུ་དཀར་ཆག་བསྒྲིགས་ནས་ཐོ་ཡིག་བཀོད་པ་ཞིག་ཡིན། མཁས་དབང་ཁོང་གི་དེབ་འདི་ནི་ཡིག་ཚང་རིག་པའི་ཐད་ཀྱི་གལ་ཆེའི་དེབ་ཅིག་ཏུ་མཐོང་སྟེ། བོད་རང་གི་གནའ་དེང་གི་དཀར་ཆག་བསྒྲིགས་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་གཙོ་བྱས། དེབ་ཀྱི་ནང་དུ་དགོན་སྡེའི་དཀར་ཆག་སྒྲིག་སྟངས་གསལ་པོར་བཀོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་གོ་བདེ་བའི་སྒོ་ནས་འཆད་པའི་དཔག་བསམ་འཁྲི་ཤིང་གི་ལེའུ་དཀར་ཆག་བཀོད་པ། མ་ཟད་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་བཞེངས་པའི་བཀའ་འགྱུར་གསེར་བྲིས་ཆ་ཚང་རྒྱལ་རྩེ་ཐེམ་སྤང་མ་དང་། ཚལ་པ་ཀུན་དགའ་རྡོ་རྗེས་གསེར་དངུལ་འདྲེས་མར་བཞེངས་པའི་བཀའ་འགྱུར་ཚལ་པའི་བཀའ་འགྱུར། སྟག་ལོའི་རིག་གནས་ཀུན་ཤེས། རྩིས་དཀར་ནག་གི་དྲིས་ལན་བཅས་བསྡུར་ནས་ཡིག་རིགས་དྲུག་ཅུ་རྩ་བཞིའི་ཐོ་ཡིག་བཀོད་པ། ད་ཕན་ལོ་རྒྱུས་ཐོག་འཁོད་པའི་ས་ཡོམ་སྟེ་སྤྱི་ལོ(1262-1953)བར་གྱི་ས་ཡོམ་གནས་ཚུལ་ཉེར་བདུན་བཀོད་པ། རྙིང་མ།(8) ས་སྐྱ།(254) ཞྭ་ལུ།(31) བཀའ་གདམས།(47) བཀའ་བརྒྱུད།(66) ཤངས་པ།(25) ཇོ་ནང་།(10) བོ་དོང་།(10) དགེ་ལུགས།(136) གདན་རབས།(182) རྣམ་ཐར།(92) དཀར་ཆག(83) གདུང་རབས།(44) སྒྲུབ་དཀྱིལ།(198) རྗེས་ཆོག(85) སྣ་ཚོགས།(154) སྒྲ་རིག་པ།(99) བརྡ་རྙིང་།(10) བཟོ་རིག་པ།(10) སྙན་རྩོམ་ལོ་རྒྱུས།(76) གསོ་རིག(218)སོགས་གྲུབ་མཐའ་མི་འདྲ་བ་དང་རིག་གནས་ཀྱི་ཟུར་མི་འདྲ་བའི་བསྟན་བཅོས་ཏེ་དཔེ་རྒྱུན་དཀོན་པོའི་རིགས་ཀྱི་དཔེ་ཐོ་ཁྱོན་བསྡོམས1838ལྷག་བཀོད་འདུག དེར་དཔེ་དེབ་ཀྱི་མཚན་བྱང་གཅིག་པུ་བཀོད་པ་དཔེར་ན་རྙིང་མའི«གཡུ་ཐོག་གསར་རྙིང་གི་རྣམ་ཐར»ལྟ་བུ། དཔེ་དེབ་ཀྱི་མཚན་བྱང་དང་པར་གཞི། ཤོག་གྲངས་བཅས་བཀོད་པ་དཔེར་ན་ས་སྐྱའི«ཀུན་དགའ་བློ་གྲོས་རྒྱལ་མཚན་གྱི་རྟོགས་བརྗོད་ངོ་མཚར་ཆུ་གཏེར»བྲིས་མ། ཤོག་གྲངས20ལྟ་བུ། གཞན་དཔེ་དེབ་ཀྱི་མཚན་བྱང་དང་རྩོམ་པ་པོ། སྦྱར་བྱང་། པར་གཞི། ཤོག་གྲངས་བཅས་བཀོད་པ་དཔེར་ན་དགེ་ལུགས་པའི«རྗེ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་དད་པའི་འཇུག་ངོགས»དགེ་ལེགས་དཔལ་བཟང་པོས་དགའ་ལྡན་ཕུན་ཚོགས་གླིང་དུ་སྦྱར། པར་མ། ཤོག་གྲངས70ལྟ་བུ་སོགས་དེབ་གཟུགས་སུ་པར་དུ་བསྐྲུན་ཡོད་པ་དང་མེད་པའི་ཡིག་ཆ་མང་པོ་འཚོལ་བསྡུ་བྱས་ཏེ་དཀར་ཆག་ཏུ་བཏབ་འདུག དེ་ལྟར་མཁས་དབང་ཁོང་གིས་མཛད་པའི་དེབ་འདི་རུ་དགོས་ངེས་ཀྱི་ཡིག་ཆ་མང་པོ་ཞིག་འདུས་ཡོད་ལ། ཡིག་ཆ་དེ་དག་ལ་ངོས་འཛིན་དང་ཁྱབ་སྤེལ་སོགས་རིན་ཐང་གང་འཚམ་ཞིག་ཡོད་འདུག ང་ཚོར་ལམ་སང་དཔེ་ཆ་ཞིག་གི་མཚན་བྱང་ངམ་རྩོམ་པ་པོ་སོགས་དགོས་ནའང་གྲུབ་མཐའ་ལྟར་རམ་ཀ་ཐོ་ལྟར་བཙལ་བདེ་བར་བྱས་འདུག་པས་འདིར་ཡིག་ཆ་འཚོལ་བསྡུའི་རིན་ཐང་ངེས་ཅན་འདུག་སྙམ།
       མདོར་ན་གོང་ནས་བརྗོད་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་དེབ་འདི་ནི་དཀར་ཆག་སྒྲིག་པའི་ཉམས་མྱོང་ཙམ་མ་ཟད་རིག་པའི་གཞུང་ལུགས་ཡོད་པའི་སྒོ་ནས་མཛད་ཅེས་པ་བཞིན་དཀར་ཆག་སྒྲིག་པ་པོ་ཞིག་ཡིན་ན་མེད་དུ་མི་རུང་བའི་གལ་ཆེའི་དཔེ་དེབ་ཅིག་རེད། ལྷག་པར་དཀར་ཆག་རིག་པའི་གཞུང་ཞིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་མང་པོས་སློབ་སྦྱོང་བྱེད་སའི་དེབ་ཅིག་ཏུ་གྱུར། རྩོམ་སྟངས་ཀྱི་ཆ་ནས་ཀྱང་གནའ་དེང་གི་རིག་གནས་ཟུང་འབྲེལ་གྱིས་བོད་རང་གི་གནའ་རབས་དཀར་ཆག་སྒྲིག་སྟངས་དེའི་ཚན་རིག་གི་རང་བཞིན་དང་། ཕྱོགས་བསྡུས་ཀྱི་རང་བཞིན། ཤེས་རིག་གི་རང་བཞིན། ཆ་ཚང་བའི་རང་བཞིན་བཅས་ཀྱི་ཁྱད་ཆོས་འབུར་ཐོན་ཡོད་པ་བོགས་སུ་བཏོན་འདུག་གོ །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号