ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
ལན་ཀྲོའུ་སློབ་ཆེན་དང་ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ། ཏེན་མག་ཁོ་ཕེན་ཧ་ཀེན་སློབ་ཆེན་བཅས་ཀྱིས་གྲུབ་པའི་རྒྱལ་སྤྱིའི་ཞིབ་འཇུག་རུ་ཁག་གིས་སྤྱི་ཟླ7པའི་ཚེས3ཉིན་འཛམ་གླིང་གི་རིག་གཞུང་དུས་དེབ་རྩེ་གྲ«རང་བྱུང»ཞེས་པའི་སྟེང་དྲ་ལམ་བརྒྱུད་ཞིབ་འཇུག་གྲུབ་འབྲས་གསར་བ་ཞིག་སྤེལ་ཞིང་། གྲུབ་འབྲས་འདིས་མདོ་དབུས་མཐོ་སྒང་གི་ཏན་ཉི་སོ་བ་མིའི་ཆེས་འཕྱི་བའི་འཚོ་གནས་དུས་ཚོད་གསར་དུ་ངོས་བཟུང་བར་མ་ཟད། དེ་དག་གི་འཚོ་གནས་བྱེད་སྟངས་ཐོག་མར་གསལ་སྟོན་བྱས།
ཞིབ་འཇུག་འདིའི་འགན་འཛིན་པ་དང་ལན་ཀྲོའུ་སློབ་ཆེན་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ཏུང་ཅུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཏན་ཉི་སོ་བ་མི་ནི་རྒྱུད་ཆད་ཟིན་པའི་གནའ་བོའི་མིའི་རིགས་ཤིག་ཡིན་པ་དང་། གནའ་བོའི་མིའི་རིགས་འདིའི་རྗེས་ཤུལ་ཐོག་མར་རྙེད་ས་ནི་ཞི་པོ་ལི་ཡ་ས་ཆའི་ཏན་ཉི་སོ་བ་བྲག་ཕུག་ཡིན་པས་མིང་ཡང་དེ་ལྟར་ཐོགས་ལ། འདི་དང་ལོ་ངོ་ཁྲི43ནས་ཁྲི4ལྷག་གི་སྔོན་དུ་རྒྱ་ཆེར་ཁྱབ་མྱོང་བའི་ཡོབ་གླིང་གི་ཉི་ཨན་ཏེ་ཐི་མི་གཉིས་ནི་གཅེན་གཅུང་ཚོགས་པ་ཡིན་པར་མ་ཟད། གཉིས་ཀས་དེང་གི་རྒྱ་མཚོ་ཆེན་མོའི་གླིང་དང་། ཡ་གླིང་ཤར་མ། ཡ་གླིང་ལྷོ་མ། མེ་གླིང་བཅས་ཀྱི་གདོད་གནས་མི་ཚོགས་ལ་རྒྱུད་རྒྱུའི་བྱས་རྗེས་བཞག་ཡོད་པ་རེད།
2018ལོ་ནས་བཟུང་། ཀྲང་ཏུང་ཅུས་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་མཚོ་འཕགས་ལ་སྨི3280ཡོད་པའི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྒན་གྱའི་བྲག་དཀར་གནའ་ཤུལ་དུ་ཐེངས་མང་པོར་གནའ་དཔྱད་སྔོག་འདོན་བྱས་ཤིང་། སྔོན་ཆད་བྲག་ཕུག་འདི་རུ་གསར་རྙེད་བྱུང་བའི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོ་ཞིག་ལ་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་བྱས། ཞིབ་འཇུག་གྲུབ་འབྲས་ལས་མ་མགལ་རུས་པའི་འགྱུར་རྡོ་འདི་ནི་ལོ་ངོ་ཁྲི16ལྷག་གི་གོང་ལ་གྲུབ་པའི་ཏན་ཉི་སོ་བ་མིའི་འགྱུར་རྡོ་ཞིག་ཡིན་པ་ཤེས་རྟོགས་བྱུང་བས། ཞིབ་འཇུག་མི་སྣས་འདི་ལ“བསང་ཆུའི་ཏན་ཉི་སོ་བ་མི”ཞེས་པའི་མིང་བཏགས་ཤིང་། བསྡུས་མིང་ལ“བསང་ཆུའི་མི”ཞེས་ཟེར།
དེའི་རྨང་གཞིའི་སྟེང་། ཞིབ་འཇུག་རུ་ཁག་གིས་ད་དུང་རྒན་གྱའི་བྲག་དཀར་དུ2018ལོ་དང2019ལོ་ལ་སྔོག་འདོན་བྱས་པའི་སྲོག་ཆགས་ཀྱི་རུས་པ2500ལ་མ་ལག་དང་ལྡན་པའི་གནའ་དཔྱད་ཞིབ་འཇུག་བྱས་པར་མ་ཟད། གནའ་བོའི་སྤྲི་དཀར་རྫས་དབྱེ་ཞིབ་བྱེད་ཐབས་གསར་བ་ནང་འདྲེན་བྱས་ཏེ། རུས་པའི་གནའ་ཤུལ་འདི་དག་སྲོག་ཆགས་ཅི་ཞིག་གི་ཡིན་པ་དང་གནའ་བོའི་མིའི་རིགས་ཀྱིས་ཇི་ལྟར་བྱས་ཏེ་སྲོག་ཆགས་བཀོལ་སྤྱོད་བྱས་ཚུལ་སོགས་ཀྱི་ཆ་འཕྲིན་སྔ་བས་ཆ་ཚང་བ་ཤེས་རྟོགས་བྱུང་།
ཞིབ་འཇུག་མི་སྣས་སྲོག་ཆགས་ཀྱི་རུས་པའི་ཁྲོད་ཀྱི་གནའ་བོའི་སྤྲི་དཀར་རྫས་ཀྱི་མ་དཔེ་ལེན་བཞིན་པ། པར་རིས་ལན་ཀྲོའུ་སློབ་ཆེན་གྱི་ཀྲང་ཏུང་ཅུས་རུ་ཁག་གིས་འདོན་སྤྲོད་བྱས།
ཀྲུང་ཏུང་ཅུས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་གནའ་བོའི་སྤྲི་དཀར་རྫས་ལ་དབྱེ་ཞིབ་བྱས་པ་བརྒྱུད། རུས་པ་ཆག་རོ་ཞིག་མིའི་རིགས་ཀྱི་རུས་པའི་འགྱུར་རྡོ་ཡིན་པར་མ་ཟད། དེ་ཉིད་ཏན་ཉི་སོ་བ་མི་ལ་གཏོགས་པ་གཏན་ཁེལ་བྱས་ཤིང་། འགྱུར་རྡོ་ས་ཁར་བུད་པའི་ལོ་རབས་ནི་ད་ནས་ཡར་ལ་བརྩིས་པའི་ལོ་ངོ་ཁྲི4.8ནས་ཁྲི3.2ལྷག་གི་བར་ཡིན་པ་གསལ་བར་བྱས། དུས་མཚུངས་སུ། སྒལ་ཚིགས་སྲོག་ཆགས་རིགས20ལྷག་གསལ་འབྱེད་བྱས་པ་སྟེ། དེ་དག་གི་ཁྲོད་དུ་བསེ་རུ་སྤུ་རིང་དང་འབྲོང་སོགས་རྩྭ་གཟན་སྲོག་ཆགས་དང་། ཁྱི་མ་ཞིམ་དང་གསའ། སྦྲེ་སོགས་ཤ་གཟན་སྲོག་ཆགས་ཡོད་ལ། རི་བོང་དང་འཕྱི་བ་སོགས་འོ་འཐུང་སྲོག་ཆགས་ཆུང་གྲས་ཀྱང་ཡོད་པ་རེད།
རྒན་གྱའི་བྲག་དཀར་ནས་སྔོག་འདོན་བྱས་ཤིང་གསར་དུ་གསལ་འབྱེད་བྱས་པའི་ཏན་ཉི་སོ་བ་མིའི་རུས་པའི་འགྱུར་རྡོ། པར་རིས་ལན་ཀྲོའུ་སློབ་ཆེན་ཀྲང་ཏུང་ཅུས་རུ་ཁག་གིས་འདོན་སྤྲོད་བྱས།
ལས་ཀ་འདིས་ད་དུང་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་ཀྱང་གསལ་སྟོན་བྱས་པ་སྟེ། ཁོ་ཚོས་སྔོན་ཆད་བྲག་ཕུག་འདི་རུ་པགས་པ་བཤུ་བ་དང་རྐང་ལག་ཕྲལ་བ། ཤ་ལེན་པ་སོགས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་བཟོ་སྣོན་དང་འཛད་སྤྱོད་བྱེད་པའི་བྱེད་སྒོ་ཆ་ཚང་བསྒྲུབས་མྱོང་བར་མ་ཟད། རུས་པ་སྤྱད་དེ་ལག་ཆ་སྟབས་བདེའི་རིགས་བཟོ་བ་དང་བེད་སྤྱོད་བྱེད་ཤེས་མིན་ཚོད་ལྟ་བྱས་པའི་བྱ་སྤྱོད་ཀྱང་མངོན་ཡོད།
ཏན་ཉི་སོ་བ་མིས་བཅད་གཏུབ་བྱས་པའི་རྗེས་ཤུལ་ཡོད་པའི་ཆེས་མཐའ་མཇུག་གི་ཁྱི་མ་ཞིམ་ཁྲ་བོའི་སྒལ་ཚིགས་རུས་པའི་འགྱུར་རྡོ། པར་རིས་ལན་ཀྲོའུ་སློབ་ཆེན་ཀྲང་ཏུང་ཅུས་རུ་ཁག་གིས་འདོན་སྤྲོད་བྱས།
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲིན་ཧྥ་ཧུའུ་ཡིས་བཤད་རྒྱུར། རྒན་གྱའི་བྲག་དཀར་གྱི་ཏན་ཉི་སོ་བ་མིས་སྲོག་ཆགས་ཐོན་ཁུངས་སྣ་མང་བེད་སྤྱོད་གང་ལེགས་བྱས་པ་ཡིས་ཁོ་ཚོ་མདོ་དབུས་མཐོ་སྒང་ནས་འཚོ་གནས་བྱེད་པར་ཉུང་མཐར་ཡང་ལོ་ངོ་ཁྲི་བཅུ་གྲངས་འགའི་རོགས་རམ་བྱེད་ཐུབ་ཡོད་པ་རེད།
ཆེད་མཁས་པ་ལྟར་ན། ཞིབ་འཇུག་གྲུབ་འབྲས་འདིས་རྒན་གྱའི་བྲག་དཀར་གནའ་ཤུལ་གྱི་དུས་གསར་ཕྱི་མའི་དུས་མཇུག་གི་ཏན་ཉི་སོ་བ་མིའི་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པར་མིའི་རིགས་ཀྱི་འགྱུར་རྡོའི་བདེན་དཔང་འདོན་སྤྲོད་བྱས་པར་མ་ཟད། ཏན་ཉི་སོ་བ་མིའི་ཆེས་འཕྱི་བའི་འཚོ་གནས་དུས་ཚོད་དེ་ད་ལྟའི་བར་ལོ་ངོ་ཁྲི4.8ནས་ཁྲི3.2ལྷག་བར་བསྲིངས་ཤིང་། ཏན་ཉི་སོ་བ་མིའི་གཟུགས་གཞི་དང་རྒྱུད་རྒྱུའི་ཁྱད་ཆོས། འགུལ་སྐྱོད་ལོ་རྒྱུས། དེ་བཞིན་མཚོ་འཕགས་མཐོ་བའི་ཁོར་ཡུག་ཏུ་འཕྲོད་བསྟུན་བྱེད་སྟངས་སོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གསར་བ་འདོན་སྤྲོད་བྱས་ལ། ཏན་ཉི་སོ་བ་མི་དང་སྔ་དུས་ཀྱི་དེང་རབས་མི་གཉིས་ཡ་གླིང་ཤར་མ་ནས་མཉམ་གནས་བྱས་མྱོང་བར་མ་ཟད་དེ་གཉིས་བར་རྒྱུད་རྒྱུ་དང་རིག་གནས་ཀྱི་འབྲེལ་འདྲིས་བྱུང་མྱོང་ཚུལ་སོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གནད་འགག་ཅན་དང་ཁུངས་སྣེ་གསར་བ་འདོན་སྤྲོད་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注