རྐེད་རྩ་འཆུས་པའི་ནད།
རྒྱུ་རྐྱེན།
རྐེད་རྩ་འཆུས་པའི་ནད་ཅེས་པ་ནི་རྐེད་པའི་ཆུ་རྒྱུས་སམ་ཤ་གྲིམ་འཆུས་ཏེ་གཟེར་ཟུག་ལངས་ནས་འགུལ་སྐྱོད་མི་ཐུབ་པའི་ནད་ཅིག་ཡིན། གཙོ་བོ་ལྗིད་ཆེ་བའི་ཁུར་བོ་མི་ཐེག་བཞིན་དུ་བཙན་གྱིས་འཁུར་བ་དང་། དྲག་ཤུལ་དང་འཁྲུགས་ལས་བྱེད་སྐབས་ལུས་གཅུས་པ། བརླན་གཤེར་གྲང་ངར་ཆེ་བའི་གནས་སུ་ལུས་འཁྱགས་པ་སོགས་ལས་སློང་བ་ཡིན།
ནད་རྟགས།
གློ་བུར་དུ་རྐེད་རྒྱུད་ཁུལ་དུ་ན་ཟུག་ལངས་ནས་དགྱེ་དགུ་མི་ཐུབ་པ་དང་། གློ་བ་དང་སྦྲིད་པ་འབྱུང་སྐབས་བཟོད་གླགས་མེད་པའི་ན་ཟུག་གཏོང་བ། རྐེད་རྒྱུད་ཀྱི་རྒྱུས་པ་དང་རྩ་འཁུམས་ནས་མཁྲེགས་པོར་འགྱུར་བ། ཕུར་མཉེ་བྱེད་སྐབས་གནོན་ཟུག་མངོན་གསལ་ཅན་ཡོད་པ། སྐབས་འགར་བརླ་ཤ་དང་རྐང་བའི་རྒྱུད་དུ་ན་ཟུག་འཁྱུག་པ། ཚབས་ཆེ་ན། དཔྱི་རྐེད་ནས་བརླ་ཡི་ཕྱི་ཟུར་དང་སྒྱིད་ཁུང་བརྒྱུད་དེ་ན་ལ། འགྲོ་འདུག་སོགས་སྟབས་མི་བདེ། དེ་མིན་མཇིང་བའི་རྒྱུས་པ་སོགས་འཆུས་ན་ཡང་དེ་དང་མཚུངས་པའི་རྟགས་སྟོན་པ་ཡིན།
སྔོན་འགོག
ཁུར་བོ་ལྗིད་མོ་མི་ཐེག་བཞིན་དུ་བཙན་གྱིས་འཁུར་བ་དང་། ཤུགས་ཆེན་པོས་འདེགས་པ། རྐེད་པ་གཡས་གཡོན་བཙན་གྱིས་གཅུ་བ་སོགས་དྲག་ལས་བྱེད་མི་རུང་བ་དང་། བརླན་གཤེར་དང་གྲང་ངར་ཆེ་བའི་གནས་སུ་ཡུན་རིང་བསྡད་པ་དང་ཉལ་བ་སོགས་མི་བྱེད་ལ། མཁལ་རྐེད་ཀྱི་ནུས་པ་མི་བཟང་བའི་མི་རྣམས་ཀྱིས་དུས་རྒྱུན་དུ་རྐེད་དཀྲིས་ཀྱིས་བསྡམས་ཏེ་དྲོད་བསྲུང་དགོས།
གསོ་ཐབས།
1 བོད་ལུགས་གསོ་རིག་ལྟར་ན། ཤ་རྒྱུས་འཆུས་པ་རང་སོར་ཆུད་པ་དང་། གཉན་ཁ་བཅག་ནས་ན་ཟུག་འཇགས་པའི་ཕྱིར་དུ། ཁོང་སྨན་ལ་སཱ་རའི་ཤེས་བརྩོན་དང་། བསམ་ཁྱུང་།(བསམ་འཕེལ་ནོར་བུ་དང་ཁྱུང་ལྔ་བསྲེས་པ) ཨ་གར་ཉི་ཤུ། གསོ་བྱེད་ཉི་མའི་དཀྱིལ་འཁོར། སུག་སྨེལ་བཅུ་པ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གང་འཚམ་ལྟར་བསྟེན་དགོས།
2 ནད་པ་ཤིང་ལེབ་སོགས་མལ་སྟན་མཁྲེགས་པོར་ཉལ་དུ་འཇུག་དགོས་པ་དང་། སྨན་པའི་སོར་མཛུབ་ཀྱིས་གནོན་ཕུར་བྱེད་བཞིན་ན་ཟུག་གི་གནས་ཡུལ་དངོས་འཚོལ་ཞིབ་བྱུང་འཕྲལ། ཤ་གྲིམས་དང་སྲིབས་དེད་དེ་ཤུགས་བསྐྱེད་དེ་ཕུར་མཉེ་དང་ཕུར་འདེད་དྲག་ཏུ་བྱས་རྗེས་ཚ་བོའི་རིགས་ཀྱིས་དྲོད་དུགས་རྒྱག་པ་དང་། སྤྱང་ཀི་དང་ཁྱི། ལུ་གུའི་པགས་པ་རྐེད་པར་དཀྲིས་ཏེ་དྲོད་བསྲུང་བ་དང་། གྲང་ངར་དང་བརླན་གཤེར་གྱིས་མི་གནོད་པ་བྱ་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注