གནས་སྐབས་ཀྱི་སྤྱོད་ལམ་ལོག་པའི་ཉེས་པ་དང་སེལ་ཐབས་གོ་བདེར་བཀོད་པ།

བཀྲེས་བཀག་པའི་ཉེས་པ། ལྟོ་བ་ལྟོགས་སྐབས་ཟས་མི་བཟའ་བར་བཀག་ན། ལུས་སྟོབས་ཤོར་ནས་ཉམ་ཆུང་བ་དང་ཡི་ག་འཆུས་ལ་མགོ་ཡོམ་འཁོར་བས། དེ་ལ་ཁ་ཟས་ཡང་ཞིང་སྣུམ་དྲོ་དང་ལྡན་པ་ཉུང་ཉུང་ནས་རིམ་བཞིན་ཇེ་མང་དུ་བསྟེན་དགོས།

སྐོམ་བཀག་པའི་ཉེས་པ། ཁ་སྐོམ་པའི་དུས་སུ་བཏུང་བ་བཀག་ན། ཁ་སྐོམ་ཞིང་མགོ་ཡོམ་འཁོར་བ་དང་སྙིང་ནད་འབྱུང་ལ་ར་བཟི་བ་ལྟར་དྲན་པ་མི་གསལ་བར་འགྱུར་བས། དེ་ལ་བསིལ་བའི་ཆོ་གས་ཕན།

སྐྱུགས་བཀག་པའི་ཉེས་པ། སྐྱུགས་པ་ཡོང་དུས་བཙན་གྱིས་བཀག་ན། དང་ག་འགགས་པ་དང་། དབུགས་མི་བདེ་བ། སྐྱ་རྦབ་དང་མེ་དབལ། གཡན་པ། འབྲས་ནད། མཛེ་ནད། མིག་ནད། ལུད་པ། རིམས་ནད་སོགས་འབྱུང་། དེ་ལ་ཟས་མ་ཟོས་པར་སྨྱུང་བར་གནས་ཤིང་། ཙན་དན་དང་ཨ་ག་རུ་ལ་སོགས་པའི་དུད་པ་རྣོན་པོ་སྣར་བདུགས་པ་དང་དེ་འདྲའི་ཁུ་བས་ཁ་བཀང་བར་བྱ།

སྦྲིད་པ་བཀག་པའི་ཉེས་པ། སྦྲིད་པ་ཡོང་དུས་བཙན་གྱིས་བཀག་ན། མིག་སོགས་དབང་པོ་མི་གསལ་ཞིང་མགོ་ན་བ། གཉའ་བ་རེངས་པ། ཁ་ཡོ་ཞིང་རླུང་གི་བྱེད་ལས་ཉམས་ནས་འགྲམ་པས་ཟས་ལྡད་མི་ཐུབ། དེ་ལ་དུད་པ་རྣོན་པོས་བདུགས་པ་དང་སྣ་སྨན་གཏོང་བ། ཉི་མར་བལྟ་བ་སོགས་བྱ།

གཡལ་བཀག་པའི་ཉེས་པ། གཡལ་ཏེ་གླལ་སྒྱིང་བྱེད་འདོད་པ་བཙན་གྱིས་བཀག་ན། སྦྲིད་པ་བཀག་པ་ལྟ་བུའི་ནད་འབྱུང་བར་འགྱུར་བས། དེ་ལ་རླུང་འཇོམས་པའི་ཆོ་ག་ཐམས་ཅད་ཕན།

དབུགས་བཀག་པའི་ཉེས་པ། རྩོལ་བཅག་དྲག་པོ་བྱས་ཏེ་ངལ་ཞིང་དུབ་པའི་དབུགས་ཐོལ་ཐོལ་པོ་དེ་ཉིད་བཀག་ན། སྐྲན་ནད་དང་སྙིང་ནད་འབྱུང་ལ། མྱོས་ཤིང་དྲན་པ་མི་གསལ་བར་འགྱུར་བས། དེ་ལ་ལུས་ངལ་གསོ་བ་དང་རླུང་སེལ་བའི་ཆོ་གས་ཕན།

ལུད་པ་བཀག་པའི་ཉེས་པ། རྒྱུན་དུ་ལུད་པ་ཡོང་དུས་བཙན་གྱིས་བཀག་ན། ལུད་པ་འཕེལ་ཞིང་དབུགས་མི་བདེ་བ། ཤ་སྐམ་པ། སྐྱིགས་བུ་དང་སྙིང་ནད་འབྱུང་ཞིང་། ཡི་ག་འཆུས་པར་འགྱུར། དེ་ལ་བཅའ་སྒ་དང་པི་པི་ལིང་སོགས་བུ་རམ་དང་སྦྱར་བའི་ལྡེ་གུའམ་སྐྱོ་མ་བསྟེན་དགོས།

མཆི་མ་བཀག་པའི་ཉེས་པ། མིག་ནད་དང་མྱ་ངན་གྱིས་མཆི་མ་འབྱུང་དུས་བཙན་གྱིས་བཀག་ན། སྙིང་དང་མགོ་བོ་ན་བ་དང་། སྣ་ཆུ་འཛག་ཅིང་མགོ་ཡོམ་འཁོར། ཡི་ག་འཆུས་པར་འགྱུར། དེ་ལ་ཆང་བཏུང་ཞིང་གཉིད་ལོག་པ་དང་། རང་དང་མཐུན་པའི་གྲོགས་ཀྱིས་གཏམ་སྙན་སྨྲ་བ་རྣམས་ཀྱིས་ཕན།

གཉིད་བཀག་པའི་ཉེས་པ། རྒྱུན་དུ་གཉིད་བཙན་གྱིས་བཀག་ན། གཡལ་མང་བ་དང་ལུས་སྙོམ་པ་སྟེ་སྒྱིད་ལུག་པ་དང་། མགོ་བོ་ལྕི་བ་དང་མིག་འགྲིབ་ཅིང་ཁ་ཟས་མི་འཇུ་བ་སོགས་འབྱུང་། དེ་ལ་ཤ་ཁུ་དང་ཆང་ཞིམ་པོ་བཏུང་བ་དང་། བསྐུ་མཉེ་བྱ་ཞིང་གཉིད་ལོག་པར་བྱ།

བཤང་གཅི་འཕྱེན་གསུམ་བཀག་པའི་ཉེས་པ། རྒྱུན་དུ་བཤང་བ་བཀག་ན་ཁ་རུ་མི་གཙང་བ་འབྱུང་བ་དང་། ཀླད་པ་ན་ཞིང་རྐང་པའི་ཉྭ་འགྱུར་བ། ཆམ་པས་འདེབས་པ། ཕོ་བ་སྦོས་ཤིང་གཟེར་བ། མིག་མི་གསལ་བ། ལུས་ཀྱི་དྲོད་ཆུང་ཞིང་སྙིང་ནད་དང་སྐྲན་ནད་སོགས་བསྐྱེད་པར་འགྱུར་ལ། རྒྱུན་དུ་གཅིན་བཀག་ན་རྡེའུ་ནད་དང་ཆུ་སོའི་ནད། གཅིན་སྲི་བ། མཚན་མའི་ནད་སོགས་འབྱུང་བ་ཡིན། འཕྱེན་ནམ་འོག་རླུང་བཀག་པས་འོག་རླུང་དང་བཤང་བ་འགག་པ། ཕོ་བ་སྦོས་ཤིང་གཟེར་བ། མིག་གིས་གསལ་པོ་མི་མཐོང་བ། ལུས་ཀྱི་དྲོད་ཆུང་ཞིང་སྙིང་ནད་དང་སྐྲན་ནད་སོགས་བསྐྱེད་པར་འགྱུར། དེ་དག་ལ་སྨན་འཇམ་པོའི་རེང་བུ་མས་ནས་བཏང་ཞིང་། ལུས་ཆུ་ཚན་ནམ་བདུད་རྩི་ལྔ་ལུམས་ཀྱིས་བཅིངས། བསྐུ་བྱུག་དང་དུགས། སྨན་མར་སོགས་བསྟེན་པར་བྱ།

ཁུ་བ་བཀག་པའི་ཉེས་པ། ཁུ་བ་བཀག་པས་ཁུ་བ་འཛག་ཅིང་ཕོ་མཚན་ན། ཆུ་འགགས་ཤིང་རྡེའུ་འཕེལ་བ་དང་། དབང་པོ་ལྡང་མི་ནུས་པ་སོགས་འབྱུང་། དེ་ལ་མས་བཏུང་དང་ལུས་བཅིངས་པ། ཆགས་པ་སྤྱོད་པ་དང་། འབྲུ་མར་དང་འོ་མ། ཁྱིམ་བྱའི་ཤ ཆང་ཞིམ་པོ་རྣམས་བཏང་བར་བྱའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号