རྒན་གྱའི་བྲག་དཀར་གནས་མཇལ།
མདོ་བ་བློ་བཟང་བསྟན་པ། ཡུལ་ཨ་མདོའི་ལྷ་ཁང་ཀ་མེད་ཅེས།།
ས་མདོ་དབུས་གཉིས་སུ་གྲགས་ཆེ་བ།།
ཕ་དམ་པ་གོང་མའི་གནས་རི་འདིར།།
དུས་དེ་རིང་མཇལ་རྒྱུའི་སྐལ་བ་ལྡན།།
ཆར་རླུང་འཚུབ་འབྲུག་སྒྲ་མཁའ་རུ་སྒྲོག།
སྤང་མེ་ཏོག་སད་ཀྱིས་བཅོམ་ན་ཡང་།།
གནས་འདི་ལ་འཁྲེང་སེམས་མ་ལྡོག་པར།།
གྲོགས་སྤུན་མཆེད་ལྷན་འཛོམས་དུས་ཀྱིས་བྱིན།།
སྐྱབས་རྒྱལ་ཀུན་གཅིག་བསྡུས་པད་མ་འབྱུང་།།
ལྷ་སྤྲུལ་བའི་བྱིན་རླབས་ཞུགས་པའི་གནས།།
ཡུལ་ཁྱད་འཕགས་རྒན་གྱའི་བྲག་དཀར་ཞེས།།
མཚན་སྙན་པའི་དབྱར་རྔ་ལྡིར་བ་དེར།།
སྔོན་མཁས་གྲུབ་དམ་པ་མང་པོ་བཞུགས།།
ཚེ་སྒྲུབ་པ་སྙོམ་པའི་བྱ་བཏང་མཁན།།
མ་མཁའ་འགྲོ་དཔའ་བོ་དཔའ་མོའི་ཚོགས།།
གནས་དེ་རུ་ཞབས་རྗེས་རིས་སུ་བཀྲ།།
ས་རྒན་གྱའི་སྤང་གཞོང་གཡུ་འབྲུག་འཁྱིལ།།
རྗེ་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད།།
སྐུ་མཚན་དཔེ་མེ་ཏོག་བཞད་པའི་གནས།།
ས་དེ་རུ་ཆོས་ཀྱི་སྦྲང་ཆར་བབས།།
ཤིང་སྣ་ཚོགས་བཀྲ་བའི་བྲག་རི་བརྗིད།།
ཆུ་དྭངས་མོ་ཤེལ་དཀར་ཐུར་དུ་འབབ།།
སྤང་མེ་ཏོག་སྣ་ཚོགས་སྐྱེས་པའི་ཡུལ།།
ཡུལ་འདི་ན་བཀྲ་ཤིས་ལོ་ལེགས་འཕེལ།།
སེམས་རྩེ་གཅིག་དད་པའི་མཐའ་རུ་ཕྱིན།།
དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ།།
ཆོས་སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་བ།།
སྒོས་བླ་མ་མཆོད་པ་འུར་འདོན་བྱས།།
ཟས་སྣ་ཚོགས་འཛོམས་པའི་ཚོགས་འཁོར་བསྐོར།།
སེམས་སྨོན་པའི་སྐྱབས་འཇུག་ལན་མང་ཞུས།།
སྐྱབས་བསླུ་བ་མེད་པའི་མཆོག་གསུམ་ལ།།
ཡིད་མི་འགྱུར་དམ་བཅའ་སེམས་ཀྱིས་ཕུལ།།
གཏིང་མཐའ་མེད་འཁོར་བའི་གཡང་རོང་དུ།།
ལས་ཉོན་མོངས་ནད་ཀྱིས་བཅིངས་པ་ཡི།།
མ་དྲིན་མོ་ཆེ་ཡི་སེམས་ཅན་ཀུན།།
ལམ་རྟོགས་པ་བརྙེས་པའི་སྨོན་ལམ་བཏབས།།
འགྲོ་ལམ་གྲོགས་ཆོས་མཐུན་སྤུན་གྱི་ཚོགས།།
ས་གང་དུ་གནས་ཀྱང་སྨན་གྱི་ལྗོན།།
ཡིད་མཛའ་བཤེས་བརྩེ་བ་ལྡང་བའི་ཁྱུ།།
ཡུལ་གསེར་ལྗོངས་ཕྱོགས་སུ་ཆས་ཏེ་ཡོང་།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注