འབྲི་མོ་རོག་ཆེན་མ་དང་རོག་ཆུང་མ།

རོག་ཆེན་མ་དང་རོག་ཆུང་མ་ནི

རྒྱལ་ཁམས་མུ་གེའི་ལོ་ཟླའི་རྗེས་ལ

ངེད་ཚང་ལ་ཁ་ཞོས་སུ་སྤྲད་པའི་འབྲི་མོ་གཉིས་རེད

འབྲི་མོ་རོག་པོ་ར་ཁ་འདལ་བ

རྨིག་ཁོར་ཟླུམ་པའི་འབྲི་མོ་གཉིས་རེད

ཁུད་རྩིད་ལ་འོག་ཞགས་ཆགས་པའི

འབྲི་མོ་གྲ་དག་གཉིས་རེད


རོག་ཆེན་མ་དང་རོག་ཆུང་མ་ནི

ལོ་ཟླ་བསེར་བོའི་ཤོག་ཁ་རླུང་གིས་སྒྱུར་བའི

སྲུབས་ཁ་ནས་འབུས་པའི་ལོ་མ་ལྗང་ཁུ་ཞིག་ཡིན་ལ

ངེད་ཚང་གི་སྦྲ་མཐའི་བྱེ་ཐང་ནས་བརྡོལ་བའི་ཆུ་མིག་ཆུང་ངུ་དེ་ཡིན


འབྲི་མོ་གཉིས་ཀྱིས་རང་གི་ནུ་འོ་དེ་ང་ཚོ་དང་རང་གི་བེའུ་ལ

མང་ཉུང་མེད་པར་ཁམ་བགོས་བྱེད་ལ  ང་ཚོས་ཀྱང

ཨ་མའི་ནུ་ཞོ་དང་འབྲི་མོ་གཉིས་ཀྱི་འོ་མ་མཉམ་འཐུང་བྱས


ཞོགས་པར་ང་ཚོའི་ཨ་མ་འོ་བྱེའུ་སྤྲི་ཐོད་བཞིན

ལྡེམ་ཤ་ཁྱུག་གེར་སྦྲ་སྒོར་བུད་ཚེ

འབྲི་མོ་གཉིས་དང་བླངས་ངང་མལ་ས་ལས་ལངས་ཏེ

སྦྱིན་པ་གསར་བ་ཞིག་ལུས་སྟེང་ནས་སྤྱིད་པར་བྱེད

འབྲི་འོ་དྲོན་མོ

ཤིང་ཟེའུ་ཆུང་ཆུང་དེའི་ནང་དུ་བལྟམས་ཚེ

ངེད་བཟའ་མི་ཚོ་བྱེའུ་ཆུང་བཞིན

བཞོ་ཟེའུ་ཁ་རུ་གྲལ་བསྒྲིགས་ཏེ་བབས་རེད


སྲོད་དུས

ཐབ་ཚང་གི་མེ་ལྕེའི་འཁྱུག་རིས་ཡུན་གྱིས་ལྷོད་དུ་བབས་ཚེ

འབྲི་མོ་གཉི་གའི་སྐྱུག་ལྡད་དབེན་འཇགས་སུ་འཁྱིལ་བའི་ཁྲོད

ངེད་བཟའ་མི་གང་པོ་ཁྱིམ་དྲོད་ཀྱི་ཀློང་དུ་མནལ་བ་ཡིན


དེ་ནས་བཟུང་འབྲི་མོ་རོག་ཆེན་མ་དང་རོག་ཆུང་མ་ནི

ངེད་ཚང་གི་ཨ་ཕྱིའི་ཇ་ཕོར་ཁ་ཡི་སེར་ཐིག་དང

ཨ་མའི་མཁུར་ཚོས་སྒང་གི་དམར་མདངས་ཡིན་ལ

བཟའ་མི་ཚོའི་སོ་རྩ་རུ་འཁྱིལ་བའི་སྣུམ་ཞག་ཡིན


རོག་ཆེན་མས་ཅི་ཡང་ཤེས་ཏེ

བུ་སྐལ་བཟང་།བུ་མོ་སྒྲོལ་མ་དང

མཚོ་སྐྱེས་མེ་ཐོག་སོགས་ནི་ངེད་ཚང་གི་མི་ཡིན་ཏེ

ངའི་བེའུ་རོག་གེ་དང་མཉམ་པར་གསོ་དགོས་ཟེར་ཞིང

ནམ་རྒྱུན་ང་ཚོའི་སྐེ་ཕྲག་གི་ནེའུ་སྐྲ་ལན་བུར་འཕྱིངས་པ་དེ་དང

འགྲོན་བུ་དང་ཁམ་བུ་སྟར་ག་བཏགས་ཡོད་པའི་སྩག་ལུ་གྱོང་པོའི

ཕྲག་ལྟག་དང་བྲང་ཁ་སོགས་གཅེས་སྐྱོང་གིས་ལྡག་པར་བྱེད


རོག་ཆེན་མ་དང་རོག་ཆུང་མས

ང་ཚོ་ཁོང་ཚོའི་བེའུ་གཉིས་པ་རུ་བལྟ་ཞིང

ང་ཚོས་ཀྱང་རོག་ཆེན་མ་དང་རོག་ཆུང་མ་གཉིས་ལ

ཨ་མ་གཉིས་པའི་རྩིས་ཐང་འཛིན

དོན་དུ་ངེད་ཚང་གི་འཁོར་བ་ནི་འབྲི་མོ་རོག་ཆེན་མའི

རྨིག་རྗེས་སུ་ཆགས་པའི་བྱིའུ་ཚང་ཆུང་ཆུང་ཞིག་ཡིན་ལ

འབྲི་མོ་རོག་ཆུང་མའི་ཟེ་རྩིད་འོག་ཡིབ་པའི

ཁ་ལ་ཡུག་གི་འདམ་ར་གོར་གོར་ཞིག་ཡིན


འབྲི་མོ་འདི་ཚོས་ངེད་ཅག་གི་ལུས་ཀྱི་དྲི་མ་ཤེས་པས

ང་ཚོ་མ་ཡིན་པ་དག་གམ་དུ་བཅར་ཚེ

རྫི་སྣོམ་བྱེད་ཀྱིན་དོགས་སྣང་ཞིག་གིས་འདྲོགས་རྩིས་བྱེད་ཅིང

ང་ཚོའི་ལུས་ལ་ཡང་ནོར་ནག་གི་ཞག་རྩི་ཡུན་གྱིས་ཞུགས་པ

འབྲོག་དྲི་ཟེར་བ་ཞིག་ད་ལྟའི་བར་མནམ་དུ་ཡོད

དེ་བཞིན་ང་ཚོའི་རྒྱུད་རྒྱུའི་ནམ་རོལ་གྱི་གསང་ཨང་གི

འགྱུར་བ་ལའང་སྣུམ་ཐིག་ཅུང་ཟད་ཅིག་ཐིམ་ཡོད་ཟེར


དུས་ཚིགས་དེར་བོད་མིའི་ཆོ་ག་ཟེར་བ་དག་བརླགས་ཤོར་བས

ཨ་མས་དེ་རིང་ནས་བཟུང་འབྲི་རྒན་འདི་གཉིས་དང

དེའི་བེའུ་དག་ངས་སེམས་ཀྱིས་ཚེ་ཐར་བྱས་ཡོད་པས

དེང་ཕྱིན་ང་ཚོ་དཀའ་ཁག་ཅི་ཞིག་དང་ཕྲད་ཀྱང

འདི་ཚོ་ལ་གྲི་ཁ་བསྐོར་མི་རུང

སྡིག་རྒྱལ་གླང་དར་མ་ཟེར་ཡང་ཨ་མ་གཅིག་གི་འོ་མ་ཁར་སོང་བའི་མི་ལ

སྲོག་ཁྲིམས་མི་གཅོད་པའི་སྙིང་རྗེ་ཞིག་ཡོད་པ་མི་ཤེས་སམ་ཟེར


ཕྱིས་སུ་ངེད་ཚང་གི་ལྷས་རར

འབྲི་ནག་བརྒྱ་ཕྲག་ལས་བརྒལ་བ་བྱུང་མོད

གལ་ཏེ་ངེད་ཚང་རྒྱལ་ཁབ་ཅིག་ཡིན་པའི་དབང་དུ་བཏང་ན

འབྲི་མོ་རོག་ཆེན་མ་དང་རོག་ཆུང་མ་གཉིས་ལ

རྡོ་རིང་ཞིག་བསླང་ཆོག་ཆོག་ཡིན

དེ་ལྟར་ལབ་ཚེ

ངའི་དེ་རིང་གི་སྙན་ངག་ཡེ་མིན་པའི་སྙན་ངག་འདི་ཡང

ནམ་ཞིག་རྡོ་ལེབ་ཅིག་ཏུ་བརྐོས་ཏེ་དེ་སྔོན་ངེད་ཚང་གི

གཟས་ཁ་གཙང་ས་ཞིག་ཏུ་འཇོག་འདོད་སྐྱེས་བྱུང

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号