གཡུ་འབྲུག་སྔོན་མོའི་རང་ལོ།
གཅོད་པ་འཚོ།
འདས་པའི་ལོ་གཅིག་འབྲུག་གི་རི་མོས་འབྲི།།
འདས་པའི་ལོ་གཅིག་འབྲུག་གི་ཟེ་བས་འབྲི།།
འདས་པའི་ལོ་གཅིག་འབྲུག་རིས་འཁྱིལ་མས་འབྲི།།
འབྲུག་གི་གནམ་ལོ་རང་གི་སྐྱེས་ལོས་འབྲི།།
འབྲུག་གི་རི་མོ་འགྲིག་མའི་རྟེན་འབྲེལ་འབྲི།།
འབྲུག་གི་སྒྲ་དབྱངས་བསྒྲགས་པའི་ཤིས་པ་འབྲི།།
འབྲུག་གི་སྦྲང་ཆར་ཟིལ་མའི་ཚེ་སྲོག་འབྲི།།
ལོ་རྟགས་འབྲུག་ལ་བབས་པའི་རང་ཉིད་འབྲི།།
མེ་ཏོག་དགའ་ཚལ་ཀྲིག་ཀྲིག་འབྲུག་གི་ལོ།།
རྩི་ཏོག་སྐྱེ་རྒྱ་ལྡེམ་ལྡེམ་འབྲུག་གི་ལོ།།
རེ་བའི་སྨོན་ལམ་འགྲུབ་པའི་འབྲུག་གི་ལོ།།
བཀྲ་ཤིས་འབྲུག་ལོ་དགྱེས་པའི་དགའ་སྟོན་བསུ།།
གེགས་རེར་འཕྲད་པ་འབྲུག་རྒྱལ་གློག་གི་གར།།
རྐྱེན་རེར་འཕྲད་པ་འབྲུག་རྒོད་བཙན་གྱི་བུ།།
ལོ་རྟགས་འཚུབ་པ་ས་འབྲུག་འབྱུང་བའི་གཤིས།།
རང་ལོ་འབྲུག་ལ་སྐྱེས་པའི་ཆག་འཇིག་བཟློག།
འབྲུག་གི་རྣམ་ཤེས་རླུང་གི་དཀྱིལ་འཁོར་ཆགས།།
འབྲུག་གི་རྫས་རྒྱུ་གནམ་སའི་བརྩེ་དུང་གྲུབ།།
འབྲུག་གི་ཆགས་སྡང་ཉི་ཟླའི་འཆར་ནུབ་འཁོར།།
འབྲུག་གི་ལང་ཚོ་དབྱར་གྱི་སྐྱེ་སྟོབས་རྫོགས།།
འབྲུག་གི་སྨོན་འདུན་ཉི་ཟེར་ཞུན་མ་འཁོལ།།
འབྲུག་གི་དུངས་སྐལ་ཟླ་ཞལ་དཀར་ལ་མཛེས།།
འབྲུག་གི་མཚོན་དོན་ཁ་རྗེ་དབང་ཐང་དར།།
འབྲུག་གི་འཁྱུག་རྩལ་སྐལ་བའི་བརྐོས་རིས་གསལ།།
འབྲུག་གིས་རང་བྱུང་རྟེན་འབྲེལ་རི་མོ་མཚོན།།
འབྲུག་གིས་ལས་རླུང་མཚོན་པའི་གཟི་དཔལ་འཕེལ།།
འབྲུག་གིས་སྙན་གྲགས་དར་བའི་དཔེ་རིས་འཛིན།།
འབྲུག་གིས་དགའ་འཁྱིལ་འཕེལ་བའི་སྔོན་འགྲོ་བསྐྲུན།།
ཚེ་བསོད་དབྱར་གྱི་མཚོ་རྒྱས་འབྲུག་གི་ལུས།།
སྙན་པ་ཆུ་འཛིན་གཡོ་བ་འབྲུག་གི་གོས།།
འཚོ་བ་འཛིན་མའི་བཅུད་འཕེལ་འབྲུག་གི་ལོ།།
འབྲུག་འདི་བདེ་སྐྱིད་དར་བའི་ཕྱྭ་གཡང་ཡིན།།
དཀར་ཡོལ་འབྲུག་རིས་ཕུན་ཚོགས་ཡོལ་གོ་ལྟེམས།།
གོས་ཆེན་འབྲུག་རིས་ལང་ཚོའི་ཚོས་ཁ་འཕྱོར།།
ཆ་སྒམ་འབྲུག་རིས་སྲོལ་གྱི་གཞིས་རྟེན་ཡག །
དར་ཆེན་འབྲུག་རིས་རྒྱལ་ཁའི་དཔའ་དར་བསྐྱོད།།
འབྲུག་གི་གྲལ་སྡེབས་སྟག་སེང་ཁྱུང་འབྲུག་འགྲིག །
འབྲུག་གི་འཛོམ་པ་རྨང་འབྲུག་ཁ་སྤྲོད་མཐུན།།
འབྲུག་གི་གཟི་དཔལ་ཚེ་བསོད་རླུང་རྟ་རྒྱས།།
འབྲུག་གི་མཚོན་སྟངས་དགའ་བདེའི་འཚོ་གཞིས་ཕྱུག །
འབྲུག་གི་སྟངས་སྟབས་གཙང་པོའི་རོལ་གར་འཁྱུག །
འབྲུག་གི་གྲེ་འགྱུར་གཙང་ཆུའི་རོལ་དབྱངས་སྙན།།
འབྲུག་གི་སྒྱུ་ལུས་གཡས་འཁྱིལ་གཙང་ཆབ་དྭངས།།
འབྲུག་གི་ཆུ་དང་འབྲེལ་བའི་ལྷ་སྒྲུང་ཁྱབ།།
འབྲུག་གི་འབྱུང་ཡུལ་མ་དྲོས་མཚོ་མོ་ཟབ།།
འབྲུག་གི་མཆེད་ཁུངས་ཀླུ་རྒྱལ་འོད་དཀར་བརྗིད།།
འབྲུག་གི་ཡུམ་མཆོག་ཀླུ་མོ་དུང་ཆུང་མཛེས།།
འབྲུག་འདི་མ་དྲོས་ཀླུ་ཡི་རིགས་སུ་གྲགས།།
འབྲུག་དང་འབྲུག་དོང་བྱུང་བའི་ངོ་མཚར་རྨད།།
འབྲུག་གི་མངོན་མེད་སྲིད་པའི་རྒྱལ་མཚན་མཐོ།།
འབྲུག་གིས་ངག་རྒྱུན་ཁྲོད་ཀྱི་ཚང་མལ་བསྲུངས།།
འབྲུག་ལ་ཨ་སྔོན་དབྱིངས་ཀྱི་གཡུ་འབྲུག་འབོད།།
ཆར་ཆུ་དུས་འབབ་འབྲུག་ལོ་སྐྱིད་ཀྱི་ལོ།།
ལོ་ཕྱུགས་འཕེལ་ལེགས་འབྲུག་ལོ་གཡང་གི་ལོ།།
དགོས་འདོད་ཀུན་འཛོམས་འབྲུག་ལོ་རེ་བའི་ལོ།།
རབ་བྱུང་བཅུ་བདུན་ཤིང་འབྲུག་དར་མའི་ལོ།།
རབ་བྱུང་བཅུ་བདུན་ས་ཕོ་འབྲུག་གི་ལོ།།
ས་འབྲུག་བསོད་ནམས་གཡང་གི་རུ་མ་ཡིན།།
རྟེན་འབྲེལ་སྐྱེས་ལོ་སྨོན་འདུན་འབྲུག་གི་སྐད།།
ལྷང་ལྷང་ས་ཆེན་བཀྲོལ་བའི་སྒྲ་དབྱངས་ཡིན།།
རབ་བྱུང་བཅུ་བདུན་ལྕགས་ཕོ་འབྲུག་གི་ལོ།།
ལྕགས་འབྲུག་རྣོ་ལྡན་རྩལ་གྱི་ན་སོ་འཛིན།།
དྭངས་གསལ་བྱིས་བློ་དབྱངས་གསལ་ནམ་མཁའི་ཁྱོན།།
འཁྱུག་རྩལ་ཚོན་རིས་བཀྲ་བའི་དབྱར་རྔ་ལྡིར།།
རབ་བྱུང་བཅུ་བདུན་ཆུ་ཕོ་འབྲུག་གི་ལོ།།
ཆུ་འབྲུག་སྔོན་མོ་སྐྱིད་ཀྱི་བཞུར་རྒྱུན་རིང་།།
ལན་བུའི་ན་ཚོད་བྲན་པ་གཙང་པོའི་འགྲོས།།
རོལ་སྒེག་གར་ལ་བཞེངས་པའི་ངང་ཚུལ་འཁྱུག །
འབྲུག་རིས་བརྐོས་མ་རང་བྱུང་མཚན་མ་མངོན།།
འབྲུག་གི་འཁྱུག་རིས་ལང་ཚོའི་འདབ་ལག་སྨིན།།
འབྲུག་རིས་འཁྱུད་མ་འདོད་འཇོ་སྒེག་ཉམས་མཚར།།
འབྲུག་གི་སྣང་བརྙན་ཡིད་ཀྱི་སྒྱུ་རྩལ་འཛུམ།།
རྨི་ལམ་ཆུ་འཛིན་བསིལ་མའི་ལྡིང་ཁང་དབུས།།
ལོ་ཟླ་དུས་བཞི་འཐབ་པའི་ཡོ་ལང་འཁྲིགས།།
སྙིང་རུས་དབྱར་ལ་འབུས་པའི་ལྗང་མྱུག་ཉིད།།
ཁ་འཛིན་རལ་བ་དཀྲིགས་པའི་འབྲུག་ཆུང་སྐྱིད།།
འབྲུག་ཆུང་ཨ་ཕའི་གྱི་ལིང་གྲོ་རྒྱའི་དཔེ།
འབྲུག་ཆུང་ཨ་མའི་ཚར་དཀར་ཤོམ་ལྭའི་རིས།།
འབྲུག་ཆུང་གླུ་ངག་ནང་གི་སྙན་ཆའི་གྲོགས།།
འབྲུག་ཆུང་འཚོ་བའི་མདངས་དང་རྒྱན་དུ་བཀོད།།
འབྲུག་སྔོན་ལོ་ཆང་ཟིལ་མའི་གཤོག་པར་སྐྱེས།།
འབྲུག་ལྗང་གླུ་སྐད་ཚིག་གི་འབྲུ་ལ་འཁྱུད།།
འབྲུག་དཀར་ལོ་གཡང་བསུ་བའི་དར་གྱིས་དཀྲིས།།
འབྲུག་འདི་བཀྲ་ཤིས་འཕེལ་བའི་རྟགས་སུ་སྐྱེས།།
འབྲུག་འདི་རྒྱལ་ཁབ་ཅིག་གི་མཛངས་པའི་བློ།
འབྲུག་འདི་མི་རིགས་ཤིག་གི་རིག་པའི་རྩལ།།
འབྲུག་འདི་རང་བྱུང་དུས་ཀྱི་དྲུག་འགྱུར་དབྱངས།།
འབྲུག་འདི་ཕུན་སུམ་ཚོགས་པའི་རྟགས་སུ་བཀྲ།།
འབྲུག་གི་ཡིད་འོང་དབྱར་གྱི་མེ་ཏོག་ལྡེམ།།
འབྲུག་གི་མཚར་སྡུག་དབྱར་གྱི་ཆར་ཆུ་གཙང་།།
འབྲུག་གི་བརྩེ་སེམས་དབྱར་གྱི་དྲོད་སྐྱིད་འཁྱིལ།།
འབྲུག་འདི་དབྱར་ལ་སྐྱེས་པའི་ལོངས་སྤྱོད་ཉིད།།
འབྲུག་གི་རྫུ་བག་སྤྲིན་གྱི་འདུ་འགོད་གཡོ།།
འབྲུག་གི་སྣང་བརྙན་ཆར་གྱི་ལང་ཚོ་འཇོ།།
འབྲུག་གི་འཛུམ་དམུལ་གློག་གི་འདབ་མ་འཕྱོ།།
འབྲུག་འདི་རང་བྱུང་ཁམས་ཀྱི་འཇོ་སྒེག་ཉིད།།
འབྲུག་གི་སེམས་འགྱུ་དབྱར་གྱི་ནམ་མཁའ་ལྕི།།
འབྲུག་གི་དྲི་བསུང་དབྱར་གྱི་རྩྭ་ཐང་ཡངས།།
འབྲུག་གི་ལུས་དྲོད་ལྡེམ་པའི་འདབ་བརྒྱ་གྲོལ།།
འབྲུག་གི་བྲོ་གར་སྤྲིན་གྱི་འདུ་ལོང་རྩེན།།
འབྲུག་གི་སྐད་བརྡ་དུས་ཀྱི་ཅོང་བརྡ་མཆེད།།
སིང་སིང་སྙན་སྙན་འབྲོག་གི་དགའ་སྐྱིད་འཕེལ།།
འབྲུག་གི་ཁྲུས་གསོལ་མཛོད་ཀྱི་ལྡེ་མིག་བཀྲོལ།།
ལྡིར་ལྡིར་སྒྲ་དབྱངས་ཞིང་གི་སྙེ་རླབས་སྐྱོམས།།
འབྲུག་གི་ཚེ་དང་རི་མོའི་ཚན་ཁ་འཕྲོད།།
འབྲུག་གི་ལོ་རྟགས་རེས་ཀྱི་འབབ་ལུགས་འཕྲད།།
འབྲུག་གི་རྩྭ་དང་མེ་ཏོག་བཞད་ཚུལ་འགྲོགས།།
འབྲུག་གིས་གསལ་བའི་འཚོ་བའི་ཚོས་ཁ་བཀྲག །
འབྲུག་འདི་ལྷ་སྒྲུང་ནང་ནས་ལྷ་མོར་འཁྲུངས།།
འབྲུག་འདི་ལྡེབས་རིས་གསེབ་ལ་རི་མོར་བབས།།
འབྲུག་འདི་འཚོ་བའི་ཁྲོད་དུ་ལྟད་མོར་འཁྲབ།།
འབྲུག་འདི་དབྱར་ལ་སྙན་པའི་རོལ་མོར་འཁྲོལ།
འབྲུག་འདི་ལྷ་བྱ་ཁུ་ལོའི་དབྱངས་སྙན་ཆ།།
འབྲུག་འདི་འབྱུང་བཞི་མཐུན་པའི་འདྲེས་སྦྱོར་རྫས།།
འབྲུག་འདི་དབྱར་གྱི་སྲས་མོའི་སེམས་ཀྱི་རྟེན།།
འབྲུག་འདི་རྨ་བྱ་སྔོན་མོའི་སྙིང་གི་གྲོགས།།
འབྲུག་གི་སྒྲ་སྙན་འབྲུག་མགོ་རོལ་ཆའི་ཕུད།།
འབྲུག་གི་ས་གདན་སྤུ་རིས་ཁྲོམ་ཆེན་རྒྱན།།
འབྲུག་གི་ཀ་བ་གདུང་བརྒྱད་ཁྱིམ་གྱི་རྟེན།།
འབྲུག་གི་ཚིགས་བཅད་རིང་མོ་ཚིག་གི་བཅུད།།
འབྲུག་དང་འབྲེལ་བའི་ལྷ་སྒྲུང་བོད་ལ་དར།།
འབྲུག་དང་འདྲེས་པའི་གླུ་སྐད་བོད་ནས་མཆེད།།
འབྲུག་གིས་མཚོན་པའི་ཆས་གོས་བོད་ཀྱིས་སྤྱོད།།
འབྲུག་དང་མཐུན་པའི་རང་བྱུང་བོད་ལ་ཆགས།།
གླིང་དཀར་ཁ་འཛིན་གནམ་སྨན་དཀར་མོ་ཡིས།།
འབྲུག་ཆུང་རོལ་ལ་ཁྲིད་ནས་ལུང་བསྟན་སྐད།།
གླིང་བཟའ་གཡེར་ཆེན་སེང་ལྕམ་འབྲུག་མོ་ཡང་།།
འབྲུག་གི་སྐད་དང་བསྡེབས་ནས་བལྟམས་ཞེས་གྲགས།།
གླིང་གི་ལྷ་རྟ་རྒྱ་བྱ་སོག་དཀར་ལ།།
གཡུ་འབྲུག་ཚང་ནས་ལངས་འདྲའི་དཔེ་ཡིས་བསྟོད།།
གླིང་གི་དཔའ་རྟུལ་སྙན་པའི་གྲགས་པ་ལ།།
མཚན་སྙན་འབྲུག་སྟོང་ལྡིར་བ་ཞེས་ཀྱང་བརྗོད།།
གླིང་དཀར་དམག་གི་ཡོ་ལང་འདུ་བ་ལ།།
སྐྱེམས་ཆང་གཡུ་འབྲུག་སྔོན་མོའི་ཁ་ཆུ་འདྲེན།།
གླིང་སྒྲུང་མི་ཡི་རིག་པའི་དོ་ར་རུ།།
འབྲུག་དང་འབྲེལ་བའི་གཏམ་བརྗོད་མངོན་པར་མཐོ།།
འབྲུག་གི་གཏམ་རྒྱུད་འབྲོག་གི་ཆགས་རིམ་གཉིས།།
སྐྱིད་ན་སྐྱ་ཀ་ཁྲ་མོ་ཁྲ་མཉམ་བྱས།།
འབྲུག་གི་འགྱུ་བག་འབྲོག་གི་སྦྲ་ནག་གཉིས།།
འགྲོགས་པའི་དུས་ཡུན་སྒྲུང་གི་རྐང་ལ་བྲིས།།
གནམ་ལ་གཡུ་འབྲུག་རྟེན་འབྲེལ་རྩིས་ལ་བབས།།
ས་ལ་ཆར་ཆུའི་དངོས་གྲུབ་ལུང་གིས་དྲངས།།
གནམ་རིག་སྐར་རྩིས་འཕེལ་སའི་ཡུལ་གྲུ་ནས།།
གཡུ་འབྲུག་ཟིལ་བ་ཁྲོམ་ཁྲོམ་གཙུག་ལ་བཀུར།།
འབྲུག་གི་བཀྲ་ཤིས་ཚེ་ཡི་བཀྲ་ཤིས་འཕེལ།།
འབྲུག་གི་རང་བྱུང་འཆམ་མཐུན་ཞི་བདེ་འཕེལ།།
འབྲུག་གི་ལོ་ཕྱུགས་རྟག་ལེགས་ཆར་ཆུ་འཕེལ།།
འབྲུག་གི་ཚིགས་བཅད་འདི་ལ་འབྲུ་དོན་འཕེལ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注