ལྷ་སར་ཕེབས་པའི་ནུ་བོ་གཞས་པ་ཞིག་ལ་བྲིས་པ་།(ཞར་བཀོད་གཅིག)

  རྩོམ་པ་པོ། : སྐྱབས་ཆེན་བདེ་གྲོལ།  

ཁྱོད་ཀྱི་གླུ་ངག་དང་དགོད་སྒྲ་སྦྲ་འདབས་ནས་འཕྱུར

རྩྭ་མགོའི་ཟིལ་བ་དང་རྩྭ་གསེབ་ཀྱི་བྱིའུ་ཆུང་ལ་འགྱུར་ཁུག་བཟོས

ལམ་བུ་ཕྲ་མོར་གཏམ་རྒྱུད་ཀྱི་རྡུལ་རླུང་འཚུབ་པས

ང་ཡི་མིག་ཟུང་གིས་ཁྱོད་ཀྱི་མགྱོགས་ཚད་ཚོར་མ་ཐུབ

རྐྱེན་དེའི་དབང་གིས  སྤང་ལྗོངས་ཀྱི་བསླུ་བྲིད་ནི

ཡིད་དུ་འོང་པའི་ལྷ་སྒྲུང་ཞིག་སྟེ

ལེ་བདའ་དང་རྩིས་ཕྲེང་གིས་བསྒྱེལ་མ་ནུས


ལམ་ཁའི་མཆོད་རྟེན་ལ་ཕ་ལོའི་འགྱིང་བག་མཆིས་སམ

ལམ་ཟུར་གྱི་གཙང་པོར་མ་ལོའི་ཞི་དུལ་འདུག་གམ

གནས་དེར་སླེབས་དུས  མི་ཚོགས་ཀྱི་ངོ་གདོང་དང

བེའུ་ཆུང་གི་རྩེད་བྲོ་གཉིས་སྡུར་ཐབས་བྲལ་མོད

གནམ་གྲུ་དེ་ཇེ་མགྱོགས་སུ་བཏང་བའི་རྟ་ཕོ་ཡིན་པར་ཐེ་མི་ཚོམ

གནས་དེར་སླེབས་དུས  བུ་མོ་ཚོའི་དྲོད་འཇམ་དང

ཐག་རིང་གི་ཨ་མ་སྡུར་ཐབས་བྲལ་མོད

རྨི་ལམ་དེ་ཇེ་མང་དུ་བཏང་བའི་མིག་ཆུ་ཡིན་པར་ཐེ་མི་ཚོམ


མགྲིན་པ་ནས་ཤེད་ཀྱིས་གཡུག་པའི་སྨྲ་ལྕེའི་འཇོར་བུས

ཁྱོད་ཀྱི་ལང་ཚོའི་གཏེར་ཁ་ནམ་ཞིག་ལ་བརྐོས་ཚར

ཞིབ་ཏུ་གཟིགས་དང  རྒྱབ་ཀྱི་དར་ལྕོག་ནི་དྲན་གདུང་ལ་ཚུད་པའི་ང་རང་དང

མགོ་ཐོག་གི་ཉི་མ་ནི་ལས་དོན་ལ་བྲེལ་བའི་ཁྱོད་ཉིད་རེད

སོ་སོའི་སེམས་སུ  དབྱངས་གསལ་གྱིས་བཟོས་པའི་ལྷ་མོ་རེ་ཉར་ཞོར

རང་ཅག་གི་ཧམ་སེམས་ལ་ངལ་དུབ་དང་ཡི་ཆད་མེད


ངའི་གཏམ་རྒྱུད་ནི་ཁྱོད་ཀྱིས་རི་ལུང་ནས་བོར་བའི

རྒྱུད་མངས་ཀྱི་དབྱངས་རྟ་རིགས་ཤིག

དེའི་ཆེད་དུ  སྤྱང་མོ་ཚོའི་ལྟོགས་སྐོམ་གྱི་ངུ་ཟུག་ལ

སྙན་ངག་གི་མཛེས་པ་ཕྲན་ཙམ་ཆགས

ཕྱི་དྲོ་རེ་རེར  བསང་དུད་སྔོན་མོ་ལས་བྱིས་སྒྲུང་སྐྱ་བོ་ཞིག་འཕྱོ

ངས་སྤྱང་མོ་དང་བྱིས་སྒྲུང་ཁྱོད་ཀྱི་འཇིག་རྟེན་ལ་སྦྱར

འཛད་མཐའ་མེད་པའི་འཁྲུལ་སྣང་ཞིག་རོལ


ན་ཆུང་མ་ཚོ་ཁྱོད་ཀྱི་ལས་དབང་གི་ཨ་ཡིག་དང་འབྲེལ་ཆགས་པའི

དབྱངས་ཡིག་དང་རྗེས་འཇུག་ཡིན་སྲིད་ན

སྐྲ་ལོ་ཆུན་པོ་དང་ལག་ཟུང་འཇམ་པོས་ཁྱོད་ཀྱི་སྙིང་ལ་བསིལ་བ་སྟེར་རམ

རྐང་མལ་ཚུགས་སའི་བྲག་རྡོ་རེའི་རྒྱབ་ཏུ

དབྱངས་ཅན་མ་ཁེར་རྐྱང་གིས་ཡིབས་ཡོད་དམ

ཁྱོད་ཀྱི་ཁང་མིག་ཆུང་ཆུང་གཞས་མ་ཚོའི་བཞད་གད་ཀྱིས་བཏུམས་ཀྱང

ཕ་ཡུལ་གྱི་འབྲོག་མོ་ཚོའི་ཟུར་མིག་དྲན་པར་གྱིས


ཁ་བ་ལས་ཡི་གར་འོངས་པའི་སྒྲ་དབྱངས་འབབ་དུས

བྱིས་པ་ཚོས་རྩེད་འཇོར་གོམས་པའི་མི་ཞིག་དྲན་སྲིད

ཞིང་ཁ་ཆུང་ཆུང་དེ་ཁྱོད་ཀྱི་སྤང་ལྗོངས་མིན་མོད

ནས་འབྲུ་རེ་རེའི་གསེང་དུ་འོ་ཞོའི་དྲི་ངད་འཐུལ་ངེས

སྐབས་དེར  མཚམས་སྤྲིན་དང་ཕོ་བྲང་ལྷིང་འཇགས་སུ་གནས་ལ

གླེགས་བམ་གང་རུང་གི་འོད་སྣང་ཁྲོད་ནས

ཁྱོད་ཀྱི་གཏམ་རྒྱུད་དང་འབྲེལ་བའི

ཡིག་འབྲུ་འགའ་འཐོར་ཡོང


ནུ་བོ་ཡ  ཟླ་ཚེས་ཤིག་བསྐྱར་ཟློས་ལ་གོམས་པས

དྲེལ་ཆུང་གི་སྐེ་དྲིལ་བཙའ་ཡིས་ཟིན

དུར་ཁྲོད་ཀྱི་ངུ་ཤུམ་དང་འགྲོགས་པའི་ཤ་ཁྱི

ཐག་རིང་དུ་བྲོས་ནས་མེད་པར་གྱུར

འཇིགས་དངངས་དེ་མ་གླེང་ཐབས་མེད་ཀྱི་དབང་གིས

ངའི་སྔས་མགོར་བཏགས་པའི་ཟླ་བ་ཁྲག་ཏུ་བཞུར

དྲང་མོར་བཤད་ན  ཀེང་རུས་ཀྱི་ཚུལ་དུ་གྲུབ་པའི་ང

ཁྱོད་ཀྱི་ཁ་སྤྲོད་དུ་སྡོད་མི་འདོད


ད་ལྟའང  གཞུང་ལམ་དུ་དངུལ་ལོར་གྱི་རླུང་དམར་འཚུབ་ཅིང

དེས་བསྲེགས་པའི་བླ་ཤིང་གི་ལོ་འདབ་དག་དྲན་གྱིན

ཁྱོད་གཅེར་བུར་བུད་ནས་ཅི་ཞིག་བཤམས་སྟོན་ལ་བྲེལ་ན

ངའི་གཡས་སུ་བཞུགས་པའི  གསེར་བཟོས་ཀྱི་ལྷ་སྐུའི

ཟིལ་ཤུགས་དང་རིན་ཐང་ཉམས་འགྲོ


1998/10/27 ཉིན་བྲིས།

2025/1/4 ཉིན་བཅོས།


ཚོར་བ་འདི་འདྲ་ཞིག

འཚོལ་ཡང་མི་དགོས་པར་རྙེད་ཐུབ་པའི་དངོས་པོ་ཞིག་ཡོད་ཚེ

དེ་ནི་ཁྱོད་ཀྱིས་བསམ་བཞིན་དུ་བཤད་པའི་སྐད་ཆ་དག་ལོས་ཡིན

ཕར་བལྟས་ན  ང་ཚོ་སུས་ཀྱང་འཁོར་བ་ཆུང་ཆུང་འདིའི་ཆེད་དུ

རི་བོ་ཆེན་པོ་ཞིག་རྐོ་བཞིན་པ་ལྟར་སྣང་ཡང

དོན་དངོས་སུ  དུས་ཚོད་དང་འགྲོགས་ཏེ་འཇིག་གིན་པ་ནི

ཚེ་སྲོག་དང་རྨི་ལམ གཟེབ་དྲར་ཚུད་པའི་ལྗང་མདོག་བཅས་སོ


མེ་ཏོག་ལས་ཅུང་ཙམ་རྩུབ་པའི་མེ་ཏོག་འཐུ་མཁན་གྱི་གནས་མོ་དེས

རང་ལུས་ལ་མཛེས་མ་ཞེས་པའི་སྐག་ཚོས་ཤིག་བྱུགས

དེ་ནས་བཟུང  ངའི་སྙན་ངག་གི་བརྗོད་བྱ་མུན་པས་བརྫབས

བྱིས་པ་ཞིག་སྤྲོ་སྣང་དང་བཅས་གཏམ་རྒྱུད་ལ་གསན་པར་ཡོང་ཡང

ཁོའི་ཡིད་ཀྱི་ཨུཏྤལ་དེ་ལམ་བར་ནས་སད་ཀྱིས་བཅོམས


ཁ་དོག་རེ་གཉིས་ལས་མེད་པའི་རྨི་ལམ་དེས

མི་དེའི་མིག་ཟུང་བསྲེགས་པར་གྱུར

ཁོས་མགོ་བོ་སྒུར་ཏེ་ལྐོག་ལྟ་བྱེད་དུས

སྔར་ལྟར་འགྱུར་བ་མེད་པ་ནི

སྡོད་ཁང་རེ་རེར་སྒེའུ་ཁུང་བཟོ་བཞིན་ཡོད་ནའང

སྒེའུ་ཁུང་དག་ལས་སེམས་པ་དག་ཕྱིར་འབུད་མི་ཐུབ་པ་དེ་ཡིན


སྤྲོ་རྩེད་ཀྱི་གར་སྟེགས་ལ་གོམ་སྟབས་དང་པོ་སྒྱུར་མཁན་དེ

སུ་ཡིན་ནའང་དེའི་སྐེའམ་སྒྱིད་པར་བསྟོད་ཚིག་གིས་བརྒྱན་པའི་དར་ཡུག་གཅིག་གདགས་སྲིད


མི་གླེང  ངན་ཇུས་མཁན་དེ་དོན་དམ་སུ་ཡིན་པ་མི་གླེང

འོན་ཀྱང ངལ་གསོ་ཐོབ་པའི་བསིལ་རླུང་གིས་རྩེད་བྲོ་རྡུང་དུས

མཁའ་དབུགས་འདི་མི་རྣམས་ཀྱི་དྲི་བསུང་རུལ་བོ་དང་འབྲལ་དགོས


མདོར་བསྡུས་ན  ང་ལའང་རྣམ་ཤེས་ཕྲ་མོ་འདིར་འཚམས་པའི

འགྱུར་ཁུག་གསར་པ་ཞིག་ཡོད་འོས

1998/7/30 ཉིན་རྨ་ཆུ་ནས་བྲིས།

2025/1/4 ཉིན་གཙོས་ནས་བཅོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号