རྭ་སྒྲེང་ཤུག་པའི་སྲོད་གཞས།
འཆི་མེད།‍‍‍‍‍‍‍‍‍‍‍


ཕྱག་ན་པདྨོའི་ཐུགས་རྗེའི་རྣམ་སྤྲུལ་འབྲོམ་སྟོན་རྒྱལ་པ་འབྱུང་བའི་གནས། །
ཁམས་དང་དབུས་གཙང་ཡུལ་ཀུན་བསྐོར་ཏེ་ཐ་མར་བསྟི་བའི་གནས་མཆོག་ཏུ། །
མདོ་སྔགས་བཀའ་གདམས་ཆོས་ཀྱི་མགོ་ཁུངས་ཕྱོགས་ལས་རྣམ་རྒྱལ་དགེ་འཕེལ་གླིང་། །
ལེགས་བསྐྲུན་ངང་ཚུལ་ཅུང་ཟད་བསྔགས་ལ་ཐོག་མའི་གཏམ་མགོ་འདི་ལྟར་སྤྲོ། །

ཆུ་ཁུར་འཁྲིགས་པའི་ཀློང་ལས་བབས་པ་རབ་དཀར་ཁ་བའི་རྡུལ་མང་གིས། །
ཉེར་བར་བཀླུབས་པའི་ལྷུན་པོའི་མུ་ཁྱུད་མཐའ་ལ་བྲེས་པའི་ཡུལ་ལྗོངས་སུ། །
དྲི་ཟ་དགའ་བའི་གྲོང་ཁྱེར་ཁང་བརྩེགས་ས་ལ་འཕོས་པའི་རྣམ་འགྱུར་བཞིན། །
དུས་རབས་གསར་པའི་ལང་ཚོ་གསར་པ་རྫོགས་ལྡན་དུས་ཀྱི་མགྲོན་ལ་བསླེབས། །

བཟོ་ཚོང་ལང་ལོང་འཕྱུར་བའི་མཚོ་ལ་བདེ་སྐྱིད་ཡེར་མོ་ཀྲིག་ཀྲིག་བསྒྱུར། །
གཞུང་ལམ་དྲ་བ་དྲ་ཕྱེད་བརྩེགས་མ་པ་ཏྲའི་རི་མོ་ལས་ཀྱང་འཛིངས། །
མི་ཚོགས་སྐྱིད་ཆུ་བཞུར་པའི་ཉམས་ལྡན་ལྟ་ན་སྡུག་པའི་ལྷ་ལྡན་གྲོང་། །
དགའ་སྐྱིད་དཔལ་གྱི་འདབ་ལག་རྒྱས་པ་ལོ་ནས་ལོ་རེར་གོང་དུ་འཕེལ། །

པོ་ཏ་ལ་དང་ཡར་ཀླུང་སྐྱིད་ཆུ་ར་ས་འཕྲུལ་གྱི་གཙུག་ལག་ཁང་། །
ཤེས་རབ་སྒྲོན་མེ་སྦར་བའི་གྲོང་ཁྱེར་དེང་རབས་སྤྲོ་དགའི་འཇིག་རྟེན་དུ། །
བདེ་བླག་འགྲུལ་བཞུད་སྐྱེ་བོའི་འདུ་ལོང་ཀ་ཤིའི་ཡུལ་གྱི་གཟུགས་བརྙན་གསལ། །
རབ་དཀར་ཁ་བའི་རང་མདངས་ཇི་བཞིན་ལྷག་བསམ་གཙང་མའི་སྐྱེ་བོ་མང་། །

རིག་ཚན་གསར་བའི་རྣམ་དཔྱོད་རབ་རྫོགས་ལང་ཚོའི་གང་བུ་ཚར་དུ་དངར། །
དེང་རབས་འཚོ་བའི་དགའ་སྟོན་དཔལ་གྱིས་ཀུན་ཡིད་དགེ་བའི་འཇིག་རྟེན་དེར། །
ལྷ་ཡང་སྨོན་ལ་མི་ཡང་སྐྱིད་པའི་ཡ་རབས་སྲོལ་བཟང་མ་ཉམས་ཤིང་། །
གནའ་དེང་ཟུང་འབྲེལ་འབངས་ཀྱི་འཚོ་བ་ཕྱི་བལྟས་ལས་ཀྱང་ནང་བལྟས་སྐྱིད། །

ཤེལ་གྱི་ཁང་བརྩེགས་བརྡལ་པའི་ཀློང་ན་དཀར་དམར་གློག་གི་སྒྲོན་མེའི་འོད། །
མཚན་མོའི་འཇའ་རིས་ཐགས་སུ་བྲེས་པ་མིག་ཡིད་དགའ་བའི་ལོངས་སྤྱོད་ཀྱིས། །
རབ་ཏུ་མྱོས་པའི་ཕྱོགས་ཀྱི་མགྲོན་པོ་དགའ་བའི་གཞས་དང་སྐྱིད་པའི་བྲོ། །
གང་འདོད་ལོངས་སྤྱོད་རོལ་པའི་དཔལ་གྱིས་སྔོན་མེད་འཚོ་བའི་བདེ་སྐྱིད་འཕེལ། །

ཡ་རབས་སྲོལ་དང་ཕྱུག་པོའི་ལོངས་སྤྱོད་ཡུལ་འདིར་ཉིན་ནས་ཉིན་རེར་རྒྱས། །
སྐལ་བཟང་འགྲོ་བའི་ལེགས་ཚོགས་བསོད་ནམས་ཆུ་གཏེར་བཞིན་དུ་ཀུན་ནས་འཁྱིལ། །
རྒན་གཞོན་བརྩི་བཀུར་ཞེ་སའི་སྐད་ཀྱིས་གདངས་སྙན་དབྱངས་ལ་བཀུག་པ་ཡིས། །
མཚུངས་མེད་འཚོ་བའི་མེ་ལོང་སར་པ་སུ་ཡིས་མཇལ་ན་དེ་ཉིད་སྤྲོ། །

དེ་ལྟའི་གྲོང་ཁྱེར་ལྷ་སའི་བྱང་ཕྱོགས་རི་ཆུ་འཛོམས་པའི་རྭ་སྒྲེང་གནས། །
སྔོན་བྱོན་མཁས་པའི་ཞལ་ཆབ་ལེགས་འཁྱིལ་རྨད་བྱུང་གཙུག་ལག་རིག་པའི་སྡིངས། །
ཡུལ་དེར་འབྲོམ་སྟོན་རྒྱལ་པའི་འབྱུང་གནས་འཇིག་རྟེན་མགོན་པོའི་རྣམ་འཕྲུལ་མཆོག །
རལ་བ་ཕྲག་ལ་བཀབ་པའི་མི་རྗེ་བཀའ་གདམས་བསྟན་པའི་མེས་པོར་བཞེངས། །

གངས་ལྗོངས་ལུས་ཅན་འགྲོ་བའི་དཔུང་གཉེན་མཉམ་མེད་ཇོ་བོ་ཨ་ཏི་ཤ །
ཐུགས་བསྐྱེད་དུས་སུ་སྨིན་པའི་ཆོས་སྡེ་སྐར་ཚོགས་བཀྲ་བའི་ཁྱོན་ཡངས་ན། །
རབ་དཀར་ཟླ་བའི་ལང་ཚོ་དར་པ་འབྲོམ་སྟོན་རྒྱལ་པའི་གདན་ས་ཆེ། །
སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་པ་གངས་ཅན་ཞིང་གི་བསོད་ནམས་ལགས། །

ནགས་མའི་སྐྲ་ལོ་གཡོ་ལྡན་ལྷུན་པོ་ཕྱོགས་ཀྱི་ཁྱམས་ལ་བྲེས་པའི་མདངས། །
དཔག་ཡས་སྙེ་མའི་རལ་པའི་ཕོན་པོ་རང་གི་ཁུར་ལ་བླངས་པའི་ལྕིད། །
མ་ཐེག་མགོ་བོ་ས་ལ་གཏུག་པའི་ལྗོན་པ་གཞུ་མོའི་དབྱིབས་ལྡན་དག །
རྒྱང་མཐའི་གླུ་ཡིས་མྱོས་པའི་དགའ་བ་སྲིད་པའི་ཟློས་གར་རིང་མོར་རྟོག །

ལྷ་ལྕམ་དབྱངས་དཀར་སྒྲོལ་མའི་སྐུ་ལུས་པདྨའི་སྦུབས་ལས་གཙང་བ་ཡང་། །
རྭ་སྒྲེང་ཤུག་པའི་ཚང་ཚིང་གསེབ་ཏུ་གཞན་ལ་བསྔོས་པའི་གཏམ་ཐོས་ན། །
འགྲམ་པའི་ཆང་ལ་སྦྱངས་པའི་ལྗགས་ཀྱིས་ཁ་ཕྲུ་གཏོར་བའི་ཆུ་ཁུར་ཆར། །
ནགས་ཀྱི་ལོ་མའི་བཅུད་དུ་བབས་ལ་ལྷིང་འཇགས་ཤུག་གསེབ་གྲུ་ཆར་ཟེར། །

སྐྱེ་བོ་ཕོ་མོའི་བྲོ་ར་སྔོན་མོ་གཡུ་ལོ་ཤིག་ཤིག་ནགས་ཀྱི་ཀློང་། །
སྣ་ཚོགས་གཏམ་གྱི་སྦྱོར་བ་མང་པ་སྣ་མང་ལོ་རྒྱུས་སྒྲོས་ལས་གསལ། །
འདི་ན་ཡིད་ཀྱི་རི་མོར་ཤར་པ་སྔོན་མེད་གཏམ་ཞིག་མ་ཡིན་མོད། །
དགའ་བས་སྲོད་ཀྱི་གཞས་ལ་རོལ་དང་འཆི་མེད་བུ་མོའི་གདངས་སུ་འགུགས། །

སྲིད་པའི་དགའ་འཛོམས་ཆེན་མོའི་སྙིང་པོ་མཛའ་འདྲིས་དྭངས་མོའི་མངར་ཁ་ཉིད། །
ཡིད་ལ་ལྷུང་བའི་འཇིག་རྟེན་ཁམས་འདིར་རིག་པའི་འོད་སྣང་གསལ་བའི་རླབས། །
གང་ན་རྣམ་པར་རྒྱས་པའི་ཚུལ་ལ་བློ་ལྡན་སྐྱེ་བོའི་འདུ་ཚོགས་འཁྲིགས། །
དེ་སླད་དོན་དམ་འཚོ་བའི་སྙིང་པོ་འཁྲུལ་མེད་དམ་པའི་མཛད་འཕྲིན་ནོ། །

ཕ་བོང་ཐང་གི་མཁའ་འགྲོའི་བྲོ་ར་ནགས་རྩེར་གད་པའི་མེ་ཏོག་ཚལ། །
ཟོལ་གྱིས་བརྫུས་པའི་འགྲམ་པའི་རིས་ལ་ཡིད་འོང་དམར་བའི་མདངས་ཆགས་པ། །
མྱོས་བྱེད་རྩི་ཡིས་ཕབ་པའི་ཆང་ལ་མ་བསྙལ་ར་རོའི་འཇིག་རྟེན་གར། །
བསྒྱུར་བའི་གཏམ་རྒྱུད་ཤུག་པའི་གླུ་ཆུང་རྡོབ་རྡོབ་ཤམ་ཐབས་འདབ་ལས་ཤོར། །

རལ་གྲི་བསྐོར་པའི་དམག་གི་གཡུལ་ན་ཁྲག་ལ་བརྫིས་པ་དཔའ་བོའི་གདོང་། །
ཕྱི་ཐག་ཞེ་ཐོགས་སྨིན་མོའི་འཛུམ་གྱིས་ཤུག་ཏོག་བརྒྱུས་པའི་ཕྲེང་ཐག་ལ། །
བསྟར་པ་གང་ཞིག་སྙིང་གི་ཚིལ་ལུ་དམ་བུར་གཏུབ་པའི་ཕྲེང་བ་སྟེ། །
ཞེ་རྩ་དཀར་བའི་ལྕང་ལོ་གཡོ་ལྡན་སྲོག་ལ་ལྕགས་ཀྱི་ཕུར་བུ་ཉིད། །

གངས་ལྗོངས་མཛེས་པའི་རྒྱན་དུ་གྱུར་པ་མཉམ་མེད་འབྲོམ་སྟོན་རིན་པོ་ཆེས། །
བརྩེ་བའི་འོད་སྣང་ཕྱོགས་སུ་སྤྲོས་ཏེ་མཐའ་ཡས་འགྲོ་རྣམས་སྨིན་པར་མཛད། །
བཀའ་གདམས་བསྟན་པ་རྒྱས་པའི་དགའ་ཚལ་རྭ་སྒྲེང་གཙུག་ལག་ཁང་ཆེན་བསྐྲུན། །
མཚུངས་མེད་འགྲོ་བའི་མགོན་པོ་མཆོག་ཁྱེད་གངས་ལྗོངས་རིག་པའི་མེས་པོ་ཉིད། །

བྱིས་པའི་དུས་སུ་མ་ཡི་བརྩེ་དྲོད་ནམ་མཁའི་འཇའ་ལྟར་རྒྱང་དུ་ཡལ། །
མ་ཡར་དྲག་མོའི་གདུག་རྩུབ་འོག་ཏུ་མ་ཚུགས་ཁམས་ཀྱི་མཐའ་ལ་འཁྱམས། །
སེ་བཙུན་བླ་མའི་བྱིན་རླབས་ལ་བརྟེན་དགེ་བསྙེན་ཆོས་འཕེལ་ཞེས་གྲགས་པ། །
ཞི་དུལ་སྤྱོད་པས་ཉེ་འཁོར་ཀུན་དུད་ས་ཡི་གསེར་འོད་མཁའ་ལ་ཁྱབ། །

དམ་པའི་མན་ངག་ཡིད་དུ་བཅངས་པས་མཁྱེན་བརྩེ་ཟླ་བའི་ལང་ཚོ་རྒྱས། །
འགྲོ་ཀུན་རང་གི་མ་རུ་བསྒོམས་པས་བདག་གཞན་མཉམ་བརྗེའི་རྟོགས་པ་མཐོ། །
གསུང་རབ་དོན་ཀུན་དོན་བཞིན་སྟོན་པས་མཐའ་ཡས་གདུལ་བྱས་ས་སྟེང་ཁྱབ། །
དེ་ལྟ་ནའང་དམན་པའི་ས་རུ་ཞི་ཞིང་དུལ་བའི་རྣམ་ཐར་བསྐྱངས། །

ཁྱེད་ནི་རིགས་པའི་བང་མཛོད་ལགས་ཏེ་ཡོན་ཏན་ནོར་བུས་ཡོངས་སུ་གཏམས། །
ཁྱེད་ནི་འགྲོ་བའི་མ་མ་ལགས་ཏེ་བརྩེ་བའི་འོ་རྒྱུན་རྟག་ཏུ་སྩོལ། །
ཁྱེད་ནི་བསྟན་པའི་དཔུང་གཉེན་ལགས་ཏེ་བདུད་རྩིའི་གྲུ་ཆར་སྙོམས་པོར་འབེབས། །
ཁྱེད་ནི་རིགས་ཀྱི་དེད་དཔོན་ཉིད་དེ་དམ་ཆོས་ཐག་པས་གཅིག་ཏུ་བསྡམས། །

མཉམ་མེད་ཇོ་བོའི་མཚན་སྙན་གསན་ཏེ་མདུན་གྱི་བླ་མར་བཀའ་ཁྲོལ་ཞུས། །
ལམ་བར་འཕྲང་ཁ་བེར་ཆུང་དཔོན་པོས་རྩིག་ཁ་གསུམ་གྱི་ཁ་དན་བཞག །
རྣམ་དག་སྨོན་ལམ་དུས་སུ་བབས་ཏེ་སྟོད་ལུང་གཞོང་ནས་སྤྱན་དྲངས་པ། །
མཁའ་ལྡིང་དབང་བོ་མཁའ་ལ་ཇི་བཞིན་རྭ་སྒྲེང་ཤུག་པའི་སྡིངས་སུ་གཤེགས། །

སྣ་ཚོགས་སྐྱེ་བའི་རྣམ་པར་ཐར་པ་མཉམ་མེད་ཇོ་བོ་ཡབ་སྲས་ཀྱིས། །
ཕན་ཚུན་སྔོན་སོང་རྗེས་སུ་དྲན་པ་ཇི་བཞིན་ལེགས་གསུང་གླེགས་བམ་ཆེ། །
བཀའ་གདམས་ཕ་ཆོས་བུ་ཆོས་ཞེས་གྲགས་དམ་པ་ཡོངས་ཀྱི་བརྟུལ་ཞུགས་ལ། །
མ་ནོར་ཚངས་པའི་ཐིག་ཏུ་བཏབ་པ་དེ་ནི་དོན་གྱི་རིན་ཆེན་ཉིད། །

དགུན་ལ་དབྱར་གྱི་ལང་ཚོ་མི་ཡལ་རྭ་སྒྲེང་ཤུག་པའི་ཡལ་འདབ་འོག །
སྣ་ཚོགས་ལྟ་བ་གླུ་རུ་བླངས་ཏེ་འགྲོ་བའི་དོན་མཛད་རིན་པོ་ཆེ། །
ཕྱོགས་ཀྱི་འཁོར་ལོའི་ཐ་གྲུ་ཀུན་ལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཞེས། །
གྲགས་པའི་བ་དན་བསྒྲེངས་པའི་དམ་པ་མཁའ་ལ་སྐར་ཚོགས་བཞིན་དུ་འཕེལ། །

གཙུག་ལག་རིན་ཆེན་ནོར་བུའི་ཕྲེང་བ་འཛིན་མའི་ཁྱོན་ལ་བཀྲམས་པའི་རྡུལ། །
རྒྱ་མཚོའི་ཟེགས་མའི་དོག་པ་ལས་ཀྱང་བགྲང་ཡས་དགའ་ཚལ་ཡངས་པའི་མཐིལ། །
སྐལ་ལྡན་གདུལ་བྱས་དགའ་སྟོན་ལ་རོལ་རྫོགས་ལྡན་དུས་ཀྱི་རང་མདངས་ཀྱིས། །
རྭ་སྒྲེང་བཀའ་གདམས་ཆོས་ཀྱི་གོང་བར་རྩོལ་མེད་འཕགས་བོད་ཀུན་ཏུ་གྲགས། །

གཡས་གཡོན་རི་དང་ནགས་མའི་སྡིངས་ན་རང་བྱུང་གྲགས་པའི་རྔ་བོ་ཆེས། །
རྒྱལ་བ་འབྱུང་བའི་གནས་ཀྱི་སྙན་པ་ཉིན་མཚན་བར་མེད་བཟླས་པ་ཡིས། །
མདོ་སྨད་ཁྲི་ཤོར་རྒྱལ་མོའི་མཐའ་དང་ས་འཛིན་རྨ་རྒྱལ་ལྷུན་པོའི་སྤོར། །
སྙན་པའི་གདངས་ཀྱིས་འཁྱུད་པའི་རྩེ་དགའ་འདི་ན་བསོད་ནམས་ཞིང་དུ་ཆེ། །

རང་བྱུང་མཆོད་སྤྲིན་སྣ་ཚོགས་མེ་ཏོག་ཆུ་བོ་ནགས་ཀྱི་འདབ་ཆགས་དང་། །
རི་དྭགས་བག་ཡངས་རྒྱུ་བའི་ལྟད་མོ་མཛེས་སྡུག་བཀོད་པ་ལྷ་ཡི་ཚལ། །
ལྷ་དང་ལྷ་མོའི་འདུ་ར་ཁྲ་མོ་ཕ་བོང་ཐང་གི་བྱིན་རླབས་ཀྱིས། །
རྣལ་འབྱོར་ཕོ་མོས་ཟུང་འཇུག་མངོན་བྱས་གྲུབ་པ་གནམ་གྱི་སྐར་ཚོགས་བཀྲ། །

དམ་ཆོས་ཚད་མ་བཀའ་གདམས་གླེགས་བམ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། །
སེར་པོ་གསེར་གྱི་མཎྜལ་ཐང་ལ་རྩིབས་མ་སྟོང་གིས་ལེགས་བརྒྱན་པའི། །
མཁའ་འགྲོ་འབུམ་གྱི་དགའ་བའི་གནས་ཞེས་བསྔགས་པའི་བག་ཕེབས་གནས་མཆོག་ཏུ། །
རྨད་བྱུང་གཏམ་གྱི་སྦྱོར་བ་སྣ་ཚོགས་བགྲང་ཡས་གང་གཱའི་རྡུལ་ལ་འཕྱ། །

ལང་ཀ་པུ་རིའི་སྲིན་པོའི་གྲོང་ཁྱེར་དགུ་བརྒྱ་དགུ་བཅུའི་ནང་རོལ་ནས། །
གྲོང་ཁྱེར་བརྩེགས་པའི་རྩེ་མོ་སྟོང་ལས་མཁའ་འགྲོ་གསང་བ་ཡེ་ཤེས་མོ། །
མ་འོངས་སྙིགས་མའི་འགྲོ་བ་སྐྱོང་སླད་ཁྲི་ཕྲག་འཁོར་ཚོགས་དང་བཅས་ཏེ། །
རྭ་སྒྲེང་ཕ་བོང་ཞེས་སུ་གྲགས་པའི་ཡུལ་འདིར་སྐད་ཅིག་བྱ་ལྟར་བབས། །

ཐང་ཆེན་གཡུ་ཡི་མཎྜལ་མཐིལ་ལ་སྣ་ཚོགས་མེ་ཏོག་སིལ་བུར་བཀྲ། །
ཕ་བོང་ཆེ་ཆུང་མཚུངས་མིན་དབྱིབས་ལྡན་ལ་ལ་སྟག་དང་ལ་ལ་སེང་། །
སྦྲུལ་ལྟར་འཁྱུག་ཅིང་སྦལ་ལྟར་བུལ་བ་འདི་དག་སྤྲུལ་བའི་རྣམ་འགྱུར་ཏེ། །
ས་ལ་སྣང་བ་མངོན་སུམ་གྲུབ་པ་འདི་ལ་ལོ་རྒྱུས་རིན་ཐང་ཆེ། །

གཡས་སུ་རྩི་ཤིང་ནགས་ཚལ་རབ་རྒྱས་མདུན་དུ་གཙང་བོའི་མཆོད་ཡོན་བསྒྲེངས། །
དབུས་སུ་མཁའ་འགྲོ་གསང་བ་ཡེ་ཤེས་སྐུ་མཁར་རང་བྱུང་ལྷུན་གྱིས་གྲུབ། །
ཁྱད་པར་འཁོར་ལོ་སྡོམ་པའི་དཔལ་གྱི་ཡབ་ཡུམ་སྙོམས་འཇུག་དགའ་བའི་ཚལ། །
གནས་འདིར་སྐྱེ་བོའི་བསོད་ནམས་ཟླ་བས་སྔར་ནས་ལེགས་པར་དྲངས་ཞེས་གྲགས། །

བྱང་གི་གནམ་མཚོ་ཕྱུག་མོ་དང་མཚུངས་ལུག་ལོའི་བདུན་པའི་ཚེས་བཅོ་ལྔར། །
རྭ་སྒྲེང་མཁའ་འགྲོའི་ཐང་སྐོར་ཆེན་མོ་ཤུག་པའི་མཚམས་ནས་བཅད་དེ་སྐོར། །
རྭ་སྒྲེང་ཤོག་ཆེན་བཅུ་གཉིས་ཀྱིས་གཙོས་སྐྱེ་བོའི་འདུ་ལོང་འཁྲིགས་པའི་ཀློང་། །
དཀར་སྔོན་གུར་གྱི་འཇའ་རིས་ཁུད་དུ་སྣ་ཚོགས་ཚོང་ཟོང་ཐང་མར་བརྡལ། །

རྟ་རྒྱུགས་དར་ལེན་མདའ་འཕེན་མདུང་རྩེད་སྙན་པའི་གཞས་དང་དགའ་བའི་བྲོ། །
ཤ་མར་ཐུད་གསུམ་ཇ་ཆང་མགྲོན་གྱིས་ཀུན་ཡིད་དགའ་བའི་དཔལ་ལ་རོལ། །
ཁྲི་ཆེན་རྭ་སྒྲེང་སྐུ་ཕྲེང་རིམ་བྱོན་འཁོར་ཚོགས་རྒྱ་མཚོ་ལེགས་བྱོན་ཏེ། །
ཚོགས་འབུལ་མཁའ་འགྲོ་དགྱེས་པའི་འདུ་རར་རྣལ་འབྱོར་ཕོ་མོའི་ཡོ་ལང་རྒྱས། །

དགེ་མཚན་ཁྱད་འཕགས་གཞན་མེད་དགའ་སྟོན་སྔོན་བྱོན་དམ་པའི་ཡ་རབ་སྲོལ། །
སྲོལ་བཟང་རྒྱུན་འཛིན་གསར་སྤེལ་བྱ་བ་ལོ་ནས་ལོ་རེར་འཕེལ་བ་ཡིས། །
ས་འདིའི་སྐྱེ་བོའི་ཚོགས་ཀྱི་དཔལ་ཡོན་ཕྱོགས་སུ་མཆེད་པའི་རྩེ་དགའ་ལས། །
དུས་རབས་འདི་ཡི་དགེ་མཚན་མངོན་པ་དྲི་མེད་ཟླ་བའི་དཀྱིལ་འཁོར་བཞད། །

ཤར་ཕྱོགས་གྲོང་གི་འགྲམ་རྒྱུད་ནས་བཟུང་ལྷོ་ཕྱོགས་ཆུ་རྒྱུད་ཐང་ཟད་མཚམས། །
ཤར་དུ་ཕྱོགས་ཏེ་ཆོས་སྐུའི་མཆོད་རྟེན་ཆུང་བའི་བར་དུ་བསྐོར་པ་ལ། །
ཐང་སྐོར་ཞེས་གྲགས་སྔར་སྲོལ་བཟང་བོས་རིགས་རྒྱུད་འཕེལ་ཞིང་ནོར་རྣམས་རྟག །
ཕྱི་མར་བར་ཆད་མ་ལུས་ཞི་སྟེ་རིག་འཛིན་མཁའ་འགྲོའི་ཞིང་དུ་འཕོ། །

ཡིན་ཡང་ཤར་ཕྱོགས་ཤུག་པའི་ཚོམས་ཆུང་ནག་ཕྱོགས་མཁའ་འགྲོའི་དོ་རར་གྲགས། །
དགེ་སློང་སྡོམ་པའི་མགོ་བོ་གཅོད་ཅིང་བཙུན་མའི་རྒྱབ་ཀྱི་ན་བཟའ་རལ། །
ད་དུང་ཕ་བོང་སྲི་གཡག་ཁམ་པ་ནག་པོ་བདུད་ཀྱི་ཚོགས་ཁང་གིས། །
བླ་སློབ་དམ་སེལ་གདུག་རྩུབ་དུག་མདས་སྐྱེ་བོ་རྣམས་ནི་རྨོངས་པར་བྱེད། །

དབང་ཆེན་རྟ་མཆོག་རོལ་པའི་སྒྱུ་འཕྲུལ་ནུབ་ཕྱོགས་རྟ་འབུར་བྲག་ཅེས་གྲགས། །
རྒྱལ་བཙན་གཟའ་དང་བྱད་ཕུར་གཟའ་ནད་ཀླུ་ཡིས་འཁོན་པ་བདེ་བར་ཞི། །
རྦད་འདྲེ་རྦོད་གཏོང་སྣ་ཚོགས་ཆོ་འཕྲུལ་ལྷག་མེད་ཞི་བའི་བྱིན་ཆར་ལ། །
བསླུ་མེད་ཡིད་ཀྱི་དར་ཕྲེང་བསྒྲིགས་པ་གནའ་ནས་ད་ལྟའི་བར་དུ་སྦྲེལ། །

བྲག་མདུན་ལྷོ་ངོས་གནང་རྗེའི་ཞལ་ལ་འོ་མ་དྲི་བཟང་སྨན་མཆོད་ན། །
དངོས་གྲུབ་ནོར་ཕྱུགས་རྒྱུན་ཆད་མེད་པར་ཕྱོགས་ནས་ཕྱོགས་སུ་འགོག་མེད་འཕེལ། །
ས་བཅུད་ཆུ་བཅུད་རྒྱས་པའི་མཐུ་ལས་ཚེ་འདིའི་བསོད་ནམས་དཀར་པོ་རྒྱས། །
ཕྱི་མར་པདྨ་དཀར་པོའི་འོད་ཞིང་བདེ་བླག་འགྲིམ་པའི་རྟེན་འབྲེལ་རྨད། །

ནུབ་ཕྱོགས་བྲག་རྡོག་ནོར་བུའི་དབྱིབས་ལྡན་འཁོར་ལོ་སྡོམ་པའི་གནས་མཆོག་སྟེ། །
དངོས་གྲུབ་ལྟ་བའི་ཉམས་མྱོང་ཚད་མ་ཀླུ་སྒྲུབ་བཞིན་དུ་ཀློང་བརྡོལ་འགྱུར། །
ཤར་ཕྱོགས་བྲག་སྟེ་རྣམ་ཐོས་བུ་ལ་ཕྱག་མཆོད་སྐོར་བ་གྲུབ་གྱུར་ན། །
དོན་གཉིས་གང་དགོས་ཡིད་བཞིན་འགྲུབ་ཅེས་སྔོན་རབས་མེས་པོའི་སྒྲོས་ལས་ཐོས། །

བཅུ་ཕྲག་རིག་པའི་མེ་ལོང་གསར་པ་དྲི་མེད་མཁྱེན་པའི་ཡོན་ཏན་ཆེ། །
རྩོམ་པ་ངག་གི་འཁོར་ལོའི་འགྲོས་ཀྱིས་དབྱངས་ལྡན་སྐྱེངས་པའི་རོལ་མོ་སྙན། །
སྐལ་བཟང་འགྲོ་བའི་བསོད་ནམས་ཞིང་ལ་ལེགས་སྨིན་སྐྱེས་བུའི་དམ་པའི་དཔལ། །
དཔལ་ལྡན་བྱང་གི་རྭ་སྒྲེང་ཡུལ་ནས་ཆར་རྗེས་ཤ་མོར་བརྡོལ་པ་རྨད། །

བཀའ་གདམས་བསྟན་པ་འཛིན་པའི་དམ་པ་བཀའ་གདམས་གསུང་གི་མན་ངག་ཟབ། །
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་པས་རིགས་དྲུག་འདྲེན་མཛད་སྐྱེས་མཆོག་རྣམས། །
རྣམ་འབྱེད་འོད་ཀྱི་འཕྲིན་ལས་དཀར་པོས་ས་ཀུན་འགེངས་པའི་ངང་ཚུལ་ཆེ། །
ཆེ་བའི་ཡོན་ཏན་མ་ལུས་འཛོམས་པ་རྭ་སྒྲེང་རྒྱལ་བའི་འབྱུང་གནས་ཉིད། །

དམངས་ཀྱི་སྲོལ་དང་མཁས་པའི་ལེགས་བཤད་གཉིས་འཛོམས་རྭ་སྒྲེང་རིག་པའི་གྲོང་། །
རྨད་བྱུང་གཏམ་གྱིས་མངོན་པར་བརྗོད་ལ་པོ་ཏི་ལོངས་པའི་ཁུར་ཁྱེར་ཡང་། །
ཟད་པར་མི་འགྱུར་བརྗོད་མི་ལང་ན་ད་ནི་སོར་མོའི་འདུ་བྱེད་ཀྱིས། །
བྲིས་པའི་སྲོད་ཀྱི་གཞས་ཆུང་འདི་ཡང་རེ་ཞིག་གྱེར་པ་དེ་ཙམ་མོ། །

གྱ་མ་གྱུ་ཡི་གཙང་པོའི་ཁུད་ལ་རབ་རིབ་བབས་པའི་ཟླ་རིས་ཀྱིས། །
ཕྲག་ལ་བླངས་པའི་ལོ་ཟླའི་ཐག་པ་ཕྱོགས་སུ་བསྲིངས་པའི་སྣེ་མོ་རུ། །
རྒྱུ་སྐར་ཟླ་བའི་ལང་ཚོར་བསྲེལ་བ་སྲིན་ཆུང་སྒྲོན་མེའི་འོད་སྣང་བཞིན། །
ལམ་ཐག་སྐྱ་མོའི་ཚེ་ཡི་ངལ་བ་དབུགས་རིང་གཅིག་གིས་ག་ལ་སོས། །

ལྷ་ལྡན་ཉི་མའི་གྲོང་གི་ཕྱོགས་ལ་ཡིད་ཀྱི་འདབ་མ་བརྐྱངས་བརྐྱངས་ཏེ། །
རྭ་སྒྲེང་ཤུག་པའི་གྲིབ་བསིལ་འོག་ལ་རང་གི་སེམས་པ་བསྙལ་བསྙལ་ཏེ། །
ངག་ལས་ཤོར་བའི་ཚིག་གི་སྒྲོ་ལྡན་རྣམ་དག་ཡིད་ཀྱིས་སྤྲིངས་པ་སྟེ། །
གངས་ལྗོངས་སྣོད་བཅུད་དགེ་བའི་དཔལ་གྱིས་ཡུན་ནས་ཡུན་དུ་གནས་གྱུར་ཅིག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号