བོད་ཀྱི་གོས་རྒྱན།

 རྩོམ་པ་པོ། : ཧུན•དུར་རོ།  



ཆོས་རྒྱལ་ཐུགས་ཀྱི་ནོར་བུ། །

ཡབ་ཡུམ་སྐུ་ལ་གསོལ་བའི། །

རང་ཡུལ་བོད་ཀྱི་གོས་རྒྱན། །

མེས་པོའི་སྲུང་འཁོར་བྱིན་ཅན། །


བོད་ཁམས་རྒྱན་གོས་རི་མོ། །

རི་མོ་འཇའ་རིས་དགུ་འཁོར། །

ཕྱི་མཐུན་ནང་མཐུན་མཚོན་པ། །

ལོ་རྒྱུས་ས་བཀྲའི་རྐང་རྗེས། །


ཞབས་རྗེས་གངས་ལ་འཐེན་ཡོད། །

གངས་འདབས་སྤང་ལ་འཐེན་ཡོད། །

ངོ་མཚར་བྱེ་མའི་གཞུང་ལ། །

མངའ་རིས་གུ་གེ་བཞེངས་ཡོད། །


གུ་གེའི་བུ་མོའི་རྒྱན་རིས། །

དབུ་ལ་བྱུ་རུའི་ཞྭ་མོ། །

རྒྱབ་ལ་རྨ་བྱའི་སྤུ་ཕྲུག །

གོམ་པ་དལ་གྱིས་སྤོས་དང་། །


རྐང་ལ་འཇའ་ལྷམ་ཡུ་རིང་། །

སྐེད་པར་དངུལ་གྱི་པ་ཏྲ། །

པ་ཏྲའི་སྐེད་རགས་ཡག་པ། །

མིག་གི་རྒྱང་ལ་གཟིགས་དང་། །


པང་ལ་འཇའ་གདན་རི་མོ། །

རི་མོ་རྨ་འབྲུག་ཁ་སྤྲོད། །

ཐུ་བ་གླག་སྒྲོ་ཕྱུག་མོ། །

སེམས་ལ་ལྷོད་ཅིག་ཕོབས་དང་། །


ལང་ཚོ་འཛུམ་པའི་རྗེས་ལ། །

རྨ་བྱའི་སྒྲོ་མདོངས་ཡག་པ། །

གུ་གེ་ཚེ་རིང་ལགས་ཀྱི། །

བོད་གོས་ཉམས་ཀྱིས་བཟི་བ། །


མངའ་རིས་ཁྲག་གི་ལྷག་མ། །

ས་མཐའི་བྲག་ལ་བབས་པ། །

རྒྱལ་རོང་ཕ་མཁར་རིང་མོ། །

གཟི་བྱིན་སྟོང་གི་ཁ་བཏགས། །


བྲང་ལ་དངུལ་གྱི་གའུ། །

རྣ་ལ་གཡུ་ཆུང་མུ་ཏིག །

ཐོད་ལ་རིན་ཆེན་ར་ག །

སྨུག་པོ་གོས་ལ་ལྟོས་དང་། །


ཟ་འོག་གོས་ཆེན་སྟེང་ལ། །

འཇའ་ཆེན་རི་མོ་བྲིས་པ། །

གཟི་འོད་ས་ལ་འཕྲོས་པ། །

ཉི་ཟླའི་ས་ལམ་བཟུང་བ། །


མདུན་ལ་འཇའ་རིས་མེ་ཏོག །

རྒྱབ་ལ་གཡང་དྲུང་བྲིས་པས། །

གང་ནས་འོང་བ་མཚོན་པ། །

གང་ལ་འཁོར་བ་ཤེས་ཐུབ། །


རྩག་དཀར་དྲོད་ཀྱི་ནང་ལ། །

ཞེ་འདང་བརྩེ་བ་རུམ་ཡོད། །

དགུན་གྱི་གྲང་ངར་ནང་ལ། །

ལུས་ཀྱི་གཟི་བྱིན་ངོམ་ཆོག །


གཡི་དཀར་ཞྭ་མོ་ཡག་པ། །

ཞྭ་མོའི་མཐའ་རྒྱན་རི་མོ། །

སྤུ་དཀར་རྩེ་མོ་ཤིག་ཤིག །

མདོ་ཁམས་སྨད་ཀྱི་ཞྭ་མོ། །


བལ་དང་ཁུལ་གྱི་ཕྱིང་བ། །

ཕྱིང་བའི་ཞྭ་མོ་སྣ་ཚོགས། །

ཕྱིང་གོས་སྣ་མང་ཡོད་པ། །

ཡུལ་ལུང་སྲོལ་ལ་ངེས་སོ། །


མཐོ་སྒང་ཁ་བའི་ཞིང་ན། །

རིན་ཆེན་ལུས་ལ་སྲུང་བའི། །

བོད་གོས་རིན་ཐང་ཆེ་བ། །

སེམས་སུ་ངེས་ངེས་ཡིན་པ། །


གཞལ་མེད་ནོར་བུ་རྩ་ཆེན། །

བོད་ཀྱི་མགུར་ལ་མཛེས་པ། །

མེས་པོའི་ཕྱག་ནས་ཐོན་པ། །

བུ་ཚ་ཡང་ཚའི་གཏེར་ཡིན། །


གངས་ལ་གཟི་འོད་ཡག་པ། །

གོས་ཀྱི་འབྲུག་རིས་ཡག་པ། །

རྒྱན་ཆའི་འདབ་མ་ཡག་པ། །

སྲོལ་རྒྱུན་ཆ་ལུགས་ཡག་པ། །


ཉི་ཟླའི་གསེར་ཞལ་གསལ་བ། །

སྐེ་རྒྱན་གཡུ་དཀར་གསལ་བ། །

སྐེད་ཆབ་དངུལ་མ་གསལ་བ། །

སྲོལ་རྒྱུན་གོས་འདི་གསལ་ལ། །


སྨུག་པོ་བོད་ལས་མཆེད་པ། །

དབུ་ལ་ཕྱིང་ཞྭས་མཛེས་པ། །

རྐང་པར་སག་ལྷམ་རྔམ་པ། །

བོད་གོས་ཤོམ་པའི་སྟག་ཤར། །


གངས་ལ་གཟི་འོད་ཡག་པ། །

གོས་རྒྱན་རི་མོར་ལྟོས་དང་། །

མེས་པའི་རྐང་རྗེས་དྲན་པ། །

ཕ་ནོར་བརྗེད་དུ་མ་འཇུག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号