ཙན་དན་ལོ་མ།

ས་དམར་གྲགས་པ། ལྷ་ས།

འགུལ་རིས་གློག་བརྙན་ཞིག་ལ་བལྟས་རྗེས།

ལག་པས་མེ་ཁ་གསོས་པ་ན།
ཙན་དན་ལོ་མར་མེ་འོད་མོ་འདུག
ཤིང་གི་རྩ་བ་རུ་རྒྱ་མཚོ་འཁྱིལ་མི་འདུག
སྤྲིན་པ་སྲབ་མོ་ཞིག་གི་ཕོ་བའི་ནང་དུ་འདུས་པའི་སྐར་ཚོགས།
ས་རུ་མ་ལྷུང་བར་གནས།
རུས་པར་མདུད་པ་བརྒྱབ་པའི་ཚོར་བ་མ་ཡལ་པས་ཡིན་འགྲོ།
མིག་གིས་འཛིན་མ་ནུས་པ་དག
རླུང་གིས་ང་ཡི་ལུས་ལ་འབྱུག
བྱིའུ་དེ་འཕུར་ཤུལ་དུ་རྩྭ་རྐང་རེ་འགའ་ངུས།
གྲོག་མ་རེ་གཉིས་ཤིག་རྩྭ་གསེང་ནས་ཡར་ལངས་ཏེ།
ཁ་ཉི་འོད་ལ་གཏད་ནས་འདུག
གློ་བུར་དུ་ས་རུབ་ཟིན་པའི་ཕོར་བ་ཞིག་གི་ནང་དུ།
ཤིང་སྡོང་ཆེན་པོ་ཞིག་སྐྱེས།
ཇི་ལྟར་བལྟས་ན་ཕོར་བ་དེར་སྙིང་ཞིག་འདུག
སྡོང་པོ་དེ་སྙིང་ཁར་སྐྱེས་འདུག
མེ་ཁ་མ་གསོས་པའི་ལོ་མ་དག
རེ་རེ་བཞིན་ཙན་དན་ལོ་མར་འདྲེས་རྗེས་ཀྱི་ཞོགས་པ་དེར།
སྒྲ་སྙན་མོ་ཞིག་གིས།
ང་རང་མི་སྣང་བའི་འཁོར་བར་བཏང་སྟེ།
ལག་སྣུམ་ཞིག་བཙལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号