ཁོམ་སློང་མགུར་མ་སྐྱོ་ཤས་སྐད་ཅིག་མ།

འཇུ་སྐལ་བཟང།

མཐོན་པོ་ཁང་བརྩེགས་ཀྱི་རབ་གསལ་དཀར་ཁུང་གི་ཁ་ནས། །
རྒྱང་བཞུད་ངང་ཁྲུང་ཁྱོད་ཨེ་ཁོམ་མིག་རོགས་ཤིག་ཞུས་པས། །
མ་བསྡད་ལྷོ་མོན་དུ་རིངས་པའི་བྲེལ་སྟབས་ཀྱིས་བཞུད་ཐལ། །
ཁོམ་མེད་བྱ་ཁྱུ་འདི་ཡང་གང་ལ་སྙེག་རྩིས་ཡིན་ནམ། །

རྫ་ཁ་སྨུག་སྤྲིན་གྱི་སང་རས་བསིལ་རླུང་གིས་སྐྱོད་སའི། །
ཡུ་མོ་མ་བུ་ཁྱོད་ཨེ་ཁོམ་སྐྱོ་བསང་ཞིག་ཞུས་པས། །
མ་ཉན་རྩྭ་སྔོན་གྱི་རླབས་ཕྲན་རྨིག་རྩེ་ཡིས་འགྲིམ་ཐལ། །
བྲེལ་ཆེན་ཤྭ་སྨད་འདི་ཡང་གང་ལ་གཤར་སྙམ་ཡིན་ནམ། །

ནམ་མཁའ་སྔོ་བསང་གི་རྒྱ་མཚོ་གཤོག་རྩལ་གྱིས་རྐྱལ་བའི། །
སྒྲོ་ལྡེམ་རྒོད་པོ་ཁྱོད་ཨེ་ཁོམ་ཁམས་གསོ་ཞིག་ཞུས་པས། །
མ་ལྷོད་སྤྲིན་དཀར་གྱི་ཁ་འདབས་གཤོག་རྩེ་ཡིས་དྲིལ་ཐལ། །
མི་སྡོད་ཐང་དཀར་འདི་ཡང་གང་ལ་ལོག་གྲབས་ཡིན་ནམ། །

མེ་ཏོག་ལོ་འདབ་ཀྱི་དར་ཟབ་སུག་སྣེ་ཡིས་གཙེ་བའི། །
གཡུ་སྦྲང་བུ་མོ་ཁྱོད་ཨེ་ཁོམ་གསུང་གླེང་ཞིག་ཞུས་པས། །
མ་ཚོམ་ཟ་ཟིར་གྱི་གླུ་སྒྲས་རི་ཤོད་དུ་ཉུལ་ཐལ། །
ལོང་མེད་གཡུ་སྦྲང་འདི་ཡང་གང་ལ་འགྲོ་སྣང་ཡིན་ནམ། །

དྭངས་གཙང་ཆུ་ཕྲན་གྱི་ཀློང་ན་ལྡེམ་འཁྱུག་གིས་འགྲོ་བའི། །
གཤོག་དྲུག་ཉ་མོ་ཁྱོད་ཨེ་ཁོམ་ངང་སྒུག་ཅིག་ཞུས་པས། །
མ་ཐོགས་ཆལ་ཆིལ་གྱི་ཆུ་རླབས་སྒང་འདེད་ཀྱིས་འཁྱུག་ཐལ། །
དལ་མེད་ཉ་མོ་འདི་ཡང་གང་ལ་བཞུད་ཤོམ་ཡིན་ནམ། །

ཁོམ་དང་མ་ཁོམ་ཡང་མེད་དེ་རང་དགའ་རུ་དྲིས་ཀྱི། །
མི་འགྲོ་མི་བྲེལ་ཞིག་སྨྲས་ཀྱང་རང་དབང་ནི་མེད་མོད། །
སྐྱེས་ནས་འགྲོ་ས་ནི་འཆི་བ་དེ་ལས་གཞན་མེད་ན། །
བྲེལ་སྟབས་འདི་ལ་བལྟས་ན་མདུན་དུ་གཞན་ཞིག་མཐོང་ངམ། །

ཨ་ཀྱང་ཀུ་རེ་ཞིག་ཡིན་གྱི་དལ་བྲེལ་ལ་མ་རག །
ལེ་ལོ་ཕྱི་འགྱངས་དང་གཡེར་བག་སྒལ་རལ་ཞིག་བཙོང་ཡང། །
མི་ཕན་མ་བཅར་བར་བསྡད་ཀྱང་ཚུར་ལ་གཏུག་ཡོང་བས། །
འཆི་བ་ནམ་འོང་མི་ཤེས་སྐྱེ་འཆི་རོ་གཅིག་མཁྱེན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号