མཚོ་སྔོན་མི་རིགས་སློབ་ཆེན་གྱི་ལི་ཅུན་ཆའོ་ཡིས། བ་ཚྭའི་ཞིང་ཁར་གྲོ་མ་འདེབས་རྒྱུར་ཞིབ་འཇུག་བྱས་པ།

མི་རིང་བའི་གོང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཚོ་བོད་ས་མཐོའི་གྲོ་མ་ཐོན་ལས་ཞིབ་འཇུག་ཁང་ནས“བ་ཚྭ་ཆེ་བའི་ཞིང་ཁར་གྲོ་མ་ཚོད་འདེབས་བྱས་པ་ལེགས་འགྲུབ་བྱུང་སོང”ཞེས་པའི་གཏམ་བཟང་ཞིག་གྲགས། ཞིབ་འཇུག་ཁང་དེས་གྲོ་མའི་སོན་རྩིའི་ཐོན་ཁུངས་ཁྲོད་ནས་ཚྭ་ཤེད་ཐེག་ཐུབ་པའི་ཐོན་ཁུངས་63བདམས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་བ་ཚྭ་ཆེ་བའི་ས་ཆ་ཁག་གཅིག་ཏུ་བཏབ་པར་གསོན་ཚད་92%ཡན་ཟིན་ཡོད། དེ་དང་ཆབས་ཅིག ཞིབ་འཇུག་པས་གྲོ་མ་བཏབ་ཤུལ་གྱི་ས་རྒྱུར་ཚྭ་འདུས་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ནས། གྲོ་མ་ལས་བ་ཚྭའི་ཞིང་ཁའི་ས་རྒྱུ་ལེགས་སུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་ཤེས་རྟོགས་བྱུང་བ་རེད།

གྲོ་མ་ནི་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་ཤིག་ཡིན་ཞིང་། དེའི་རྩ་བ་བཟའ་རུང་ལ་སྨན་དུ་ཡང་སྤྱོད་ཆོག སྔོན་ཆད། ཞིང་འབྲོག་པ་མང་པོས་རི་སྐྱེས་གྲོ་མ་དཔལ་འབྱོར་གྱི་འབྱུང་ཁུངས་གལ་ཆེན་དུ་བརྩིས་ནས་རྒྱུན་རིང་སྔོག་འདོན་བྱས་སྟབས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་མ་ཟད། གྲོ་མའི་ཐོན་འབབ་ཉུང་དུ་དང་སྤུས་ཚད་ཞན་དུ་ཕྱིན་ཡོད།

གནས་ཚུལ་དེ་རིགས་ཤེས་རྗེས། ཞིང་ལས་སློབ་གླིང་ནས་ཐོན་པའི་ལི་ཅུན་ཆའོ་ཡིས་མི་ཐབས་ལ་བརྟེན་ནས་རི་སྐྱེས་གྲོ་མ་འདེབས་ཐུབ་མིན་ལ་བསམ་གཞིག་བྱེད་འགོ་བརྩམས། 1998ལོར། ལི་ཅུན་ཆའོ་ཡིས་རང་ཁྱིམ་གྱི་མེ་ཏོག་ཁོག་མའི་ནང་རི་སྐྱེས་གྲོ་མ་སོས་པ་བཏབ་པར་ཡུན་རིང་མ་འགོར་བར་མྱུ་གུ་འབུས་པས། ལི་ཅུན་ཆའོ་ཡི་གདེང་ཚོད་ཇེ་ཆེར་སོང་སྟེ། དེ་ནས་བཟུང་། མི་ཐབས་ལ་བརྟེན་ནས་གྲོ་མ་འདེབས་པར་ཞིབ་འཇུག་བྱེད་འགོ་བརྩམས་པ་རེད།

སྔོན་ཆད་སུས་ཀྱང་རི་སྐྱེས་གྲོ་མ་འདེབས་མྱོང་མེད་པས་གཞི་འཛིན་སའི་ཉམས་མྱོང་གང་ཡང་མེད། ལག་རྩལ་གྱི་དཀའ་གནད་སེལ་ཆེད། ལི་ཅུན་ཆའོ་ཡིས་རབ་འབྱམས་པ་དང་འབུམ་རམས་པར་བསྟུད་མར་རྒྱུགས་སྤྲད་དེ་སློབ་སྦྱོང་དང་གྲོ་མར་ཞིབ་འཇུག་ཚགས་ཚུད་པོ་བྱས་མཐར། 2009ལོར། ལི་ཅུན་ཆའོ་ཡིས་ཞིབ་སྤེལ་བྱས་པའི་མི་ཐབས་ལ་བརྟེན་ནས་བཏབ་པའི་གྲོ་མའི་ས་བོན་དེ“མཚོ་སྔོན་གྱི་གྲོ་མ་ཨང་དང་པོར”ཞིབ་བཤེར་གཏན་འབེབས་བྱུང་ནས། སྔོན་ཆད་གྲོ་མ་རི་སྐྱེས་ལ་བརྟེན་དགོས་པ་ནས་ད་ཆ་མི་ཐབས་ལ་བརྟེན་ནས་འདེབས་པའི་བར་མཆོང་སྐྱོད་བྱུང་བ་རེད། 2015ལོར། “མཚོ་སྔོན་གྱི་གྲོ་མ་ཨང་གཉིས་པ”དང“མཚོ་སྔོན་གྱི་གྲོ་མ་ཨང་གསུམ་པ”སྟེ། ས་བོན་གསར་པ་གཉིས་གཅིག་རྗེས་གཉིས་མཐུད་དུ་ཞིབ་སྤེལ་བྱས་པ་དང་། གྲོ་མའི་ས་བོན་གསར་པ་འདི་གསུམ་གྱིས་གྲོ་མ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཆ་རྐྱེན་གང་ལེགས་བསྐྲུན་ཡོད། མི་ཐབས་ལ་བརྟེན་ནས་གྲོ་མ་འདེབས་པའི་ལག་རྩལ་རིམ་བཞིན་ཁོང་དུ་ཆུད་པ་དེས་ཐོག་མའི་ཐོན་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོང་ཐུབ་ཡོད་པ་མ་ཟད། ད་དུང་ཞིང་འབྲོག་པའི་ཡོང་འབབ་མང་དུའང་ཕྱིན་ཡོད།

ལི་ཅུན་ཆའོ་ཡིས་མཚོ་ནུབ་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཕྱུགས་སྐྱིལ་ཤང་གི་བ་ཚྭའི་ཞིང་ཁ་ནས་ས་རྒྱུ་བླངས་ཏེ་ཚོད་ལྟ་ཁང་དུ་ཁྱེར་ནས་གྲོ་མ་བཏབ་པར་མྱུ་གུ་འབུས་ཡོད། 2022ལོའི་ཟླ་དྲུག་པའི་ཟླ་དཀྱིལ་དུ། ལི་ཅུན་ཆའོ་ཡིས་ཚོད་ལྟ་ཁང་ནས་ཐོན་ཏེ་ཕྱུགས་སྐྱིལ་ཤང་ཉེ་འགྲམ་གྱི་བ་ཚྭའི་ཞིང་ཁ་མུའུ་གཅིག་ལ་གྲོ་མ་བཏབ་པ་རེད།

དེ་ནི་ལི་ཅུན་ཆའོ་ཡིས་བ་ཚྭའི་ཞིང་ཁ་ཆེན་པོར་གྲོ་མ་འདེབས་ཐེངས་དང་པོ་རེད། རྫས་ལུད་མི་འདྲ་བ་བརྒྱབ་རྗེས་ཀྱི་སྐྱེ་འཚར་གནས་ཚུལ་དང་། ཡང་ན་གྲོ་མའི་ས་བོན་མི་འདྲ་བའི་སྐྱེ་འཚར་གནས་ཚུལ་ལ་ཞིབ་བསྡུར་བྱ་ཆེད། ལི་ཅུན་ཆའོ་དང་ཁོང་གི་ཚོགས་པས་ས་ཞིང་མུའུ་གཅིག་གི་ནང་དྲ་མིག་ཆུང་ཆུང་ཁག་80ལྷག་ཙམ་བཟོས་ནས་རེ་རེ་བཞིན་ལ་གྲོ་མ་བཏབ་མཐར། 2023ལོའི་ཟླ་བཞི་པའི་ཟླ་འགོར་འབྲས་བུ་སྨིན་ཡོད།

2023ལོའི་ཟླ་ལྔ་པར། ལི་ཅུན་ཆའོ་དང་ཁོང་གི་ཚོགས་པས་བ་ཚྭ་ཆེ་བའི་ས་ཞིང་མུའུ་60ལྷག་ཙམ་ལ་གྲོ་མ་བཏབ་ཅིང་། རྒྱ་ཁྱོན་ཆེན་པོའི་འདེབས་འཛུགས་བྱེད་ཐེངས་དེ་ལས། མི་རིང་བའི་གོང་མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་བཟང་འདི་འདྲ་གྲགས་འོང་བ་སྟེ། བ་ཚྭ་ཆེ་སར་གྲོ་མ་སྐྱེ་ཐུབ་པ་མ་ཟད། ད་དུང་ས་རྒྱུ་ལེགས་སུ་བཏང་ནས་ཚྭ་འདུས་ཚད་དམའ་རུ་ཡང་གཏོང་ཐུབ་ཀྱི་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号