སེམས་ཀྱི་སྨིན་དྲུག་དང་ང་ཡི་ཆིག་ལབ།

ཨོ་ཏོག་བསྟན་ཉི། 

ཨ་སྔོན་མཐོངས་སུ་ཁྲ་ཆིལ་འཚེར་བའི་སྐར་ཚོགས་དུ་མའི་ཁྲོམ།།

ནམ་མཁའི་སྐ་རགས་སྨིན་དྲུག་ཁྲ་བོ་འདྲ་བར་མི་འདུག་ལ། །

དོག་མོ་ས་སྟེང་ཟང་ཟིང་ཉུལ་བའི་མི་ཚོགས་མང་པོའི་དབུས། །

སེམས་ཀྱི་སྨིན་དྲུག་འདྲ་ལེ་དཀོན་པར་མཐོ་སྒང་འདམ་སྐྱེས་འདྲ། །

སྨིན་དྲུག་འོད་ཟེར་ཆེ་བས་བདག་ཡིད་ཤོར་བ་མིན་མོད་ཀྱང་། །

སྨིན་དྲུག་རྒ་རྒྱུ་མེད་པས་འཛུམ་མདངས་གསོན་པོ་ཡོད་པ་གཅིག །

སྨིན་དྲུག་ཡལ་རྒྱུ་མེད་པས་བྱམས་བརྩེ་དག་མ་ཡོད་པ་གཉིས། །

སྨིན་དྲུག་ཁྲ་བོས་བདག་སེམས་ཕྲོགས་ནས་ལས་ཀྱི་མདུད་པ་བརྒྱབ། །

སེམས་ལ་འོད་ཐིག་ཕོག་ནས་ལམ་བུ་གཅིག་གི་མགྲོན་པོར་གྱུར། །

འགྱུར་ལྡོག་དུས་དང་མི་ཁ་ཅི་འདྲའི་རྒོད་རུང་ལམ་དུ་འགྲོ །

འགྲོ་ལམ་རི་མ་ཐང་གི་ངོས་སུ་མ་འོངས་སྙེག་བཞིན་འབད། །

འབད་པའི་ལམ་ལ་འབྲས་བུ་བཟང་པོ་སྨིན་པར་གདོན་མི་ཟ། །

ཁྱོད་དང་འུ་གཉིས་སྐྱེད་ཚལ་གཅིག་གི་མཛེས་རྒྱན་ཡིན་གྱུར་ན། །

སྐྱེད་ཚལ་ནང་གི་ཤིང་བཟང་བདུད་འཇོམས་སྡོང་པོ་ང་ཡིས་བྱེད། །

སྡོང་པོའི་འདབས་ཀྱི་མེ་ཏོག་ཨུ་དུམ་བཱ་ར་ཁྱོད་ཀྱིས་བྱེད། །

དབྱར་དགུན་སྟོན་དཔྱིད་ནམ་ཟླའི་འགྱུར་བ་མི་བལྟ་ངེད་གཉིས་འཚོ། །

ཁྱོད་དང་འུ་གཉིས་འབྲོག་ཐང་གཅིག་གི་རྒྱན་ཆ་ཡིན་གྱུར་ན། །

འབྲོག་ཐང་དཀྱིལ་གྱི་མཐིང་སྨུག་སྦྲ་ནག་གྲུ་བཞི་ང་ཡིས་བྱེད། །

སྦྲ་ནག་ཟུར་གྱི་ཆོན་ཐག་རྩིད་པའི་རི་མོ་ཁྱོད་ཀྱིས་བྱེད། །

རྩྭ་ཐང་གཞུང་དུ་ཚ་གྲང་རེས་ལ་མི་བལྟ་ངེད་གཉིས་རོལ། །

ཁྱོད་དང་འུ་གཉིས་ཕ་ཡུལ་གཅིག་གི་ཕྲ་རྒྱན་ཡིན་གྱུར་ན། །

ཕ་ཡུལ་པང་གི་བརྗིད་ཆགས་རྒྱབ་རི་སྨུག་པོ་ང་ཡིས་བྱེད། །

རི་བོའི་རྩེ་ཡི་ལང་ལོང་སྤྲིན་པ་དཀར་པོ་ཁྱོད་ཀྱིས་བྱེད། །

རང་སའི་ཡུལ་དུ་རི་ཆུ་གཞན་ལ་མི་བལྟ་ངེད་གཉིས་འཚོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号