སྟོང་ལོ་གསར་བའི་སྨོན་ཚིག

དབྱངས་ལྡེའུ། ཆབ་མདོ།

བཅོས་མིན་རྨི་ལམ་གཙང་མའི་རེ་ཁ་མཛེས། །

དྲི་མེད་ཁ་བཏགས་དཀར་པོ་པིར་གྱིས་བྲིས། །

སྙིང་གི་ཡོལ་གོ་དབུས་ཀྱི་ཁྱེད་ཅག་མདུན། །

དུས་གཏན་ནང་སེམས་སྨོན་ལམ་ཆད་མེད་ཡོད། །


སེམས་ཀྱི་ཀུན་གསལ་མེ་ལོང་གཙང་ས་རུ། །

བདེ་སྐྱིད་སྐྱ་རེངས་གསར་བའི་འོད་སྣང་གིས། །

སྨྲེང་བའི་སྐྱོ་གདུང་རི་སུལ་མུན་བསལ་ནས། །

དགའ་སྤྲོའི་འཚོ་བའི་པད་དཀར་ལེགས་སྨིན་ཤོག ། 


གངས་དཀར་སྟར་ཕྲེང་མཛེས་པའི་ཡུལ་གྲུ་ན། །

གངས་ནོར་དབྱངས་གསལ་བསྟན་པ་དར་རྒྱས་ཏེ། །

གངས་ཕྲུག་གཞོན་ནུའི་ལྗགས་ཀྱི་རྩེ་མོ་ནས། །

རྨད་བྱུང་ཕ་སྐད་སྒྲ་དབྱངས་འབུམ་བརྟས་སྨོན། །


གཞོན་སེམས་པད་མའི་རྫིང་བུའི་དབུས་མ་ན། །

ཕུགས་བསམ་ངང་སེར་རྩེད་དགའ་ལང་ཚོ་ཅན། །

རེ་བའི་མིག་ཟུང་ཀློང་གི་གཞོན་པའི་དཔུང་། །

འདོད་དོན་གཤོག་པའི་ཁོ་ལག་ཡོངས་རྫོགས་ཤིག །


བློ་གསལ་འདབ་མ་གྲོལ་བའི་གངས་ཕྲུག་གཞོན། །

སྣ་མང་ཤེས་བྱའི་ཟིལ་བ་ལེགས་ཁྲོམ་པར། །

ཚན་རྩལ་རིག་པའི་དྲི་བསུང་འཐུལ་བ་བཅས། །

མ་བཅོས་སྨོན་ལམ་དཀར་པོའི་བླ་བྲེ་བཤམ། །


བདེ་དགའི་ཆུ་སྟོད་ཟླ་བའི་འོད་ཀྱི་ཕྲེང་། །

མ་ལུས་འགྲོ་བའི་ཡིད་ཀྱི་སྐྱེད་མོས་ཚལ། །

ལེགས་བྱས་འཕྲོས་ཏེ་དགའ་སྐྱིད་ཀུ་མུ་དའི། །

འདབ་སྟོང་གྲོལ་བའི་སྨོན་ཚིག་མོད་པོ་བཏབ། །


སྟོང་ལོ་གསར་དུ་འཛུམ་པའི་ལོ་ཟླའི་ནང་། །

གང་འདོད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་། །

འཆི་མེད་ཚེ་ཡི་རིལ་བུར་ལོངས་སྤྱད་ནས། །

རྫོགས་ལྡན་འཚོ་བའི་དཔལ་ལ་རོལ་གྱུར་ཅིག །


དགུན་གྱི་ཁངས་དཀར་འདབ་མ་འཐོར་བའི་མཁར། །

བསམ་ཡས་འོད་ཟེར་འཕྲོ་བའི་ཉི་ཟླའི་འགྲོས། །

ཇི་སྲིད་འཁོར་བའི་དབྱིངས་སུ་རྒྱུ་བའི་བར། །

སྐྱེ་རྒུའི་ཚེ་ཡི་ཀ་རིང་རྟག་བརྟན་ཅིག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号