ངས་ཁྱོད་ལ་ཉི་ཟླ་སྐར་གསུམ་འབྲི། 

གཟའ་དུག

ངས་ཁྱོད་ལ་ནམ་མཁའ་ཡུག་ཅིག་འབྲི།།

དེའི་ཞོར་དུ་ཉི་ཟླ་སྐར་གསུམ་འབྲི།།

ཁྱོས་ལྟོས་དང་འཆར་སྲོལ་མི་གཅིག་རུང་།། 

འོད་ཕྲ་མོ་རྒྱག་ཕྱོགས་ཁྱོད་ས་ཡིན།། 

རྒྱབ་དུང་རལ་ཅན་གྱི་བུ་མོ་ཁྱོད།།

སང་ཕར་ལོ་ངེད་ཁར་བག་མར་ཤོག།

ངས་ཁྱོད་ལ་ས་གཞི་ཁ་གང་འབྲི།།

དེའི་སྟེང་དུ་སྦྲ་ནག་གླིང་གཅིག་ཕུབས།།

སྐྲ་ལན་བུ་ཅན་གྱི་སྨན་ཆུང་ཁྱོད།། 

སང་ནངས་མོ་ཁྲ་ཡག་རྫ་ཡ་ཤོག། 

རྫ་ཁྲ་ཁྲའི་ཁ་རུ་བརྒྱུད་ལ་ཤོག། 

ཆུ་གཙང་བོའི་ཆུ་རྒྱུན་དེད་ལ་ཤོག། 

བྱ་གོང་མོའི་སྐད་ལ་ཉོན་ན་ཤོག།

སྟོད་རྫ་ལམ་ཡག་གི་ཁ་ལམ་ནས།།

རྡོ་གཡའ་མའི་སྟེང་ནས་མེ་ཞིག་འབུད།།

རྟགས་རྟེན་འབྲེལ་འགྲིག་པའི་ཇ་ཞིག་སྐོལ།།

ཁྱིམ་གཅིག་ལ་འཛོམས་པའི་སྨོན་ལམ་འདེབས།།

ཡང་དེ་ནས་རྒྱ་ནག་མཁར་ལ་འགྲོ།

སྨད་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ནས།།

དངུལ་དཀར་པོའི་མཛུབ་དཀྲིས་རྡུང་མ་ཉོ།།

གསེར་སེར་བོའི་རྣ་ལུང་བླུགས་མ་ཉོ།།

གཡུ་བྱུ་རུའི་རྣ་ཏོག་ཆ་མ་ཉོ།།

བོད་གངས་ཅན་བུ་མོའི་དྭངས་རྩེ་མ།།

ངོ་ཡ་ཐོད་དཔྲལ་བའི་སྐར་ཞབས་ནས།།

འཛུམ་མེ་ཏོག་འདྲ་བོ་ཡིད་དུ་འོང་།།

མཚམས་དེ་ནས་དབུས་གཙང་སྟོད་ལ་འགྲོ།

ཇོ་ཡིད་བཞིན་ནོར་བུར་ཕྱག་གསུམ་འཚལ།།

ཚེ་བར་ཆད་མེད་པའི་སྐྱབས་འཇུག་ཞུ།།

དབུས་ཉི་མ་ལྷ་སར་ཕྱི་སྐོར་རྒྱག།

མཁར་པོ་ཏ་ལ་ནས་པར་ཞིག་ལེན།།

ཚེ་འདི་ཡི་དྲན་རྟེན་འདི་ལས་མེད།།

བོད་ཕྱི་རབས་པ་ལ་གཏམ་ཞིག་བཤད།།

གཞི་འཁོར་བ་སྐྱིད་པའི་རྟགས་ཤིག་སྟོན།།

དེའི་རྗེས་ནས་རང་ཡུལ་ཕྱོགས་ལ་འགྲོ།

ས་སྐྱིད་པོ་རང་ཡུལ་ལུང་བ་ན།།

རྟ་གྲོ་རྒྱས་དགོང་རྩྭ་ཧྲིག་ཧྲིག་ཟ།

ལུག་ཚེར་མོས་འབའ་སྒྲ་སྤང་ལ་བཀུག།

ནང་བཟའ་བས་རྩེད་དགོད་ཁྱིམ་ལ་འཁྱིལ།།

གྲོགས་ན་ཟླས་གླུ་སྐད་རི་ལ་འཁོར།།

ས་འདི་ནས་འཚོ་བའི་བདེ་སྐྱིད་བཙལ།།

ཁྱིམ་འདི་ནས་མི་ཚེའི་རིན་ཐང་བཙལ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号