དབུ་འཇིགས་མེད་ཀྱི་སྙན་ངག་བདམས་བཀོད།


ཚོར་བའི་བསྡུས་གཟུགས།

དབུ་འཇིགས་མེད། མཚོ་ལྷོ།


དབྱིངས་ཀྱི་རྨི་ལམ་འཇའ་ཚོན་འོད་ཟེར།།

གཉུག་མའི་གཤིས་སུ་ཡུད་ཙམ་འཁྱུག་པ།།

ཉམས་སྣང་རྟོག་བཏགས་ཚིག་གི་ལྷོད་ཆ།།

ངག་རིག་བདེན་པའི་དབྱངས་སུ་དྲངས་པ།།

རྨི་ལམ་བག་ཆགས་གཉུག་མར་ཐིམ་བྱུང་།།

ལས་ཀྱིས་བསྡུས་པའི་སྡིག་སྒྲིབ་ཡིན་སོང་།།


ཚོར་བའི་སྨུག་སྤྲིན་དབྱིངས་སུ་ཡལ་ནས།།

སྙན་ངག་མེ་ཏོག་ལེགས་པར་འཁྲུངས་ཡོད།།

ན་ཆུང་གཉུག་མའི་གཤིས་ཀྱི་བརྩེ་སེམས།།

ལེགས་མཛེས་ཚིག་གི་གཤིས་སུ་སྦྱར་ནས།།

དྭངས་གསལ་ཟླ་བའི་ཕྱག་ཏུ་འབྱོར་ཡོད།།

སྣང་བའི་སྨོན་ལམ་གཅིག་ཏུ་བཏབ་ཡོད།།


སེམས་ཀྱི་དྲན་རྟོག་གཅིག་ཏུ་བསྡུས་ནས།།

བརྩེ་བའི་སྙན་ངག་ལེགས་པར་བསྐྲུན་པ།།

ཉམས་ལྡན་པད་མའི་འཛུམ་གྱི་འོད་ཟེར།།

ཟླ་བའི་ཐུགས་ཀྱི་དབྱངས་ཅན་འཛུམ་པ།།

རྟོག་བཏགས་མ་ཡིན་པདྨའི་མཛེས་སྡུག།

རྣམ་དག་སེམས་ཀྱི་ལེགས་མཛེས་སྙན་ངག།


སྨོན་ལམ་མཐའ་དག་གཅིག་ཏུ་བཏབ་ན།།

བརྩེ་བ་བདེན་པའི་སྨོན་ལམ་འགྲུབ་མོད།།

སེམས་ཀྱི་དེ་ཉིད་སེམས་ཀྱིས་བསྒོམས་ན།།

གཤིས་ཀྱི་རྨི་ལམ་གཅིག་ཏུ་འཁོར་ཡོང་།།

ཚིག་གི་སྒྲུང་གཏམ་ཚོར་བས་བསྐྱུར་ན།།

ཡིད་ཀྱི་དྲན་ཤིང་སེམས་སུ་སྒོམ་འདོད།།


ངག་གི་སྒྱུ་འཕྲུལ། 

དབུ་འཇིགས་མེད། མཚོ་ལྷོ།

 

ཚིག་གི་སྦྲང་ཆར་འདི་སིམ་སིམ་འབབ་པ།།

གཉུག་སེམས་རླུང་བུ་འདི་ལྷོད་ཀྱིས་ལྡང་བ།།

འཁོར་བ་མི་རྟག་འདི་མཚོ་ཆེན་འཁྱིལ་འདྲ།།

ལས་ཀྱི་དབྱངས་འབྲས་འདི་ངག་ལ་དྲངས་པ།།

ངག་རིག་ཤེས་རབ་དེས་ཤུགས་འབྱུང་ཡིན་མོད།།


ཚིག་གི་རྣམ་ཤེས་འདི་དབྱངས་ལ་འཁོར་བ།།

སྒྱུ་འཕྲུལ་ལྷ་མོ་འདི་འཁོར་བར་གཤེགས་པ།།

ཉི་ཟླའི་འོད་ཟེར་འདི་དབྱིངས་སུ་བཀོད་པ།།

རྟོག་འགྱུ་ཕྲ་མོ་འདི་དབྱིངས་སུ་འཕྲོས་པ།།

ངག་རིག་ཤེས་རབ་དེས་ཤུགས་འབྱུང་ཡིན་མོད།།


རྟེན་འབྲེལ་ཆོས་ཉིད་འདི་སེམས་སུ་སྦྱར་བ།།

དམ་ཆོས་བྱིན་རླབས་འདི་སེམས་སུ་ཐིམ་པ།།

མི་རྟག་ཆོ་འཕྲུལ་འདི་རང་སར་གྲོལ་བའི།།

སྣང་བ་གྲོལ་གླུ་འདི་དབྱངས་སུ་འདྲེན་པ།།

ངག་རིག་ཤེས་རབ་དེས་ཤུགས་འབྱུང་ཡིན་མོད།།


དབྱངས་ཅན་ལྷ་མོ་འདི་སྣང་བར་བཀོད་པ།།

ཏིང་འཛིན་སྣང་བ་འདི་གཡོ་འགུལ་མེད་པ།།

མིག་ཟུང་ཕྲ་མོ་འདི་མཛེས་པར་བཀོད་པ།།

འཇའ་ཚོན་མཛེས་པ་འདི་ལྷ་མོར་སྤྲུལ་བ།།

ངག་རིག་ཤེས་རབ་དེས་ཤུགས་འབྱུང་ཡིན་མོད།།


སྙན་ངག་སྣང་བ་འདི་མཛེས་པར་བཀོད་པ།།

ཚིག་གི་འཁྲུལ་བ་འདི་སེམས་སུ་སྦྱར་བ།།

ཚོར་འདུ་སྣ་ཚོགས་འདི་སེམས་ལས་རྒྱུ་བ།།

མི་རྟག་ལྷ་མོ་འདི་རང་སར་བྱོན་པ།།

ངག་རིག་ཤེས་རབ་དེས་ཤུགས་འབྱུང་ཡིན་མོད།།


འཁོར་བ་སྒྱུ་འཕྲུལ་འདི་ཞེན་ཆགས་བརྩེགས་མ།།

ན་ཆུང་མཛེས་མ་འདི་མི་རྟག་སྣང་བ།།

སེམས་ཉིད་ཕྲ་མོ་འདི་རླུང་ལྟར་རྒྱུ་བ།།

མི་ཚེ་གཉོམ་པོ་འདི་སྐད་ཅིག་ནུབ་པ།།

ངག་རིག་ཤེས་རབ་དེས་ཤུགས་འབྱུང་ཡིན་མོད།།

རྩོམ་པ་པོ་ངོ་སྤྲོད།

རལ་གྲི། སྨྱུག་མིང་ལ་དབུ་འཇིགས་མེད་ཅེས་འབོད། 1998ལོར་མདོ་སྨད་བོང་སྟག་ཏུ་སྐྱེས། སློབ་སྦྱོང་གི་ཞར་ཞོར་དུ་སྙན་ངག་རེ་ཟུང་བྲིས་པ་ཡིན། སྔ་ཕྱིར《ཁ་བཏགས་དཀར་པོ་དུས་དེབ། 》  《རི་བོ་ཉི་ཟླའི་ལོ་དེབ།》 《གངས་དཀར་པོ་རྩོམ་རིག་སྒྱུ་རྩལ།》《ཁྲུང་ཁྲུང་དཀར་པོ་ལོ་དེབ།》 《གུར་ཀུམ་གསར་བའི་ཆུན་པོའི་དུས་དེབ།》 《དཔལ་འཛོམས་ལོ་དེབ།》 《ཅོ་ནེ་བའི་ལོ་དེབ།》 《ཞག་སྒྲོན་དུས་དེབ།》 《འབོད་པ་ལོ་དེབ》 《འདན་གླིང་རྩོམ་རིག་ལོ་དེབ》 《ལང་ཚོའི་གོམ་སྒྲ་གསུམ་པའི་དུས་དེབ》 《འཁྲི་ཤིང་ལོ་དེབ།》 《རྨ་ལུ་མའི་ལོ་དེབ།》 《སྣང་བ་མཉམ་དཀྲོལ་དུས་དེབ།》 《སྐྱ་རེངས་ལོ་དེབ།》 《སྲིད་པའི་གཏོ་སྒྲོམ།》 《མཚོ་མཐའི་གླུ་སྐད།》 《མཚོ་ལྷོ་བོད་ཡིག་ཚགས་པར།》 《ཁྲིམས་ལུགས་བོད་ཡིག་ཚགས་པར།》 《ཀན་ལྷོའི་བོད་ཡིག་ཚགས་པར།》 《མཚོ་སྔོན་བོད་ཡིག་ཚགས་པར། 》 《ཁམས་པའི་བོད་ཡིག་ཚགས་པར།》 《རྔ་བའི་བོད་ཡིག་ཚགས་པར།》 《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》 《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།》 《རྩོམ་པ་པོ་དྲ་བ།》 《མཚོ་སྔོན་པོ་བོད་ཡིག་དྲ་བ།》 《བཙན་པོའི་མགར་གྱི་དྲ་བ།》 《ཁམས་པའི་གསར་འགྱུར་དྲ་བ།》 《ཁམས་རྫོགས་ཆེན་རྩོམ་རིག་དྲ་བ།》 《གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྩོམ་རིག་དྲ་བ།》 《མདོ་ལྷོ་དྲ་བ།》བོད་ཁུལ་གྱི་དུས་དེབ་དང་ལོ་དེབ་ཚགས་པར་སོགས་ཀྱི་སྟེང་དུ་སྙན་ངག་རེ་ཟུང་སྤེལ་མྱོང་བར་མ་ཟད་བཅད་རྩོམ་རེ་ཟུང་ཞིག་ཀན་ལྷོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དག་གིས་ཡང་གྱེར་མྱོང་ཡོད་དོ།།  སྙན་དེབ《གཉུག་གཤིས་ཀྱི་འོད་ཟེར》ཞེས་པ་ཡང་དཔར་དུ་བསྐྲུན་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号