ཨཱ་ལི་ཀཱ་ལིས་ཁྱེད་རང་བརྗེད་མི་སྲིད།

— ཕ་སྐད་མ་ཡིག་ལ་གློ་བ་ཉེ་བའི་སྙན་ངག་པ་བོང་སྟག་རི་ལུ་འདས་གྲོངས་སུ་ཕྱིན་པར།

ཨ་ཏའི་བུ་རྒྱུད།


སྨག་རུམ་སྟུག་པོའི་ལམ་ཕྲན་ལན་ནམ་བྱེ་མས་བཀང་བའི་ལྷམ་ཆུང་ལན། །

བསོད་ནམས་དོག་པའི་ཁ་སྐད་ལན་ནམ་བདག་པོ་མེད་པའི་ལུག་ཁྱུ་ལན། །

གློ་སྙིང་བཅོལ་སའི་སྙན་ངག་ལན་ནམ་མཛེས་མ་རྣམས་ཀྱི་བསླུ་བྲིད་ལན། །

ལྐོག་བཤད་དར་བའི་སྤྱི་ཚོགས་ལན་ནམ་ཁྲམ་པ་འཕེལ་བའི་དྲ་སྒང་ལན། །


གང་ལྟར་ཁྱེད་ཀྱིས་འོ་ཇ་ཕོར་གང་འཐུང་འཕྲོ་བྱས་ནས་འདི་ལྟར་བཞུད། །

མ་ཟད་ཁྱེད་ཀྱིས་ཚོར་བ་རྡོག་གཅིག་འབྲི་འཕྲོ་བྱས་ནས་དེ་ལྟར་གཤེགས། །

གློ་བུར་གྲོངས་པའི་གདུང་བ་མ་བཟོད་ཕ་ཡུལ་བོང་སྟག་ངུས་ནས་བརྒྱལ། །

གཅེས་ཤིང་བསྐྱངས་པའི་ཐ་སྙད་དེ་དག་གྲང་ངད་ཁྲོད་ན་འཁོབ་ཅིང་ཕྱིད། །


བཀའ་འགྱུར་ཉག་གའི་སྤྲིན་པ་འཁྲིགས་ཏེ་ཐལ་དྲེག་ཅན་གྱི་ཁ་བར་གྱུར། །

བྲག་དཀར་ཐེམ་གྱི་རླུང་ནག་ལྡང་སྟེ་ཁྲི་ཤོར་རྒྱལ་མོའི་ཆབ་རོམ་དཀྲུགས། །

མིག་ཆུ་ལྟ་བུའི་བུ་ཧ་ཆུ་བོ་འཁྱགས་པས་བསྡམས་ཤིང་རྡུལ་གྱིས་གཡོགས། །

མྱ་ངན་ལྕི་བའི་འབྱུང་བཞིའི་སྟེང་ལ་སྡུག་བསྔལ་གནམ་གྱི་ཕྱེད་ཙམ་བྱུང་། །


དབྱངས་གསལ་སོ་བཞིའི་དབྱར་ཟླ་བསམ་སྟེ་དྲན་པ་གླུ་རུ་ལེན་མཁན་ཁྱེད། །

རིགས་ལ་ཞེན་པའི་ན་ཟུག་བསྣམས་ཏེ་ཚོར་བ་ཚིག་ཏུ་འདེབས་མཁན་ཁྱེད། །

ཉམས་དང་རྒུད་པའི་སེམས་ཁུར་མ་ཐེག་འཕྲལ་མར་གཞན་དུ་ཆས་སམ་ཅི། །

ཡག་ཉེས་ལྡོག་པར་ཁ་རྩོད་མ་འདོད་བསམ་འདུན་གཞན་ལ་གཏད་དམ་ཀྱེ། །


སྟོང་སྐོར་གཞུང་གི་ཕྱིར་དྲན་ཁུར་བའི་ཙོང་ཆུ་སྔར་བཞིན་བཞུར་ན་ཡང་། །

སྐྱོ་ངལ་འབུམ་གྱི་ལོ་ཟླའི་འཕྲང་ནས་ཁྱེད་རང་བཞུད་ཚད་སྔ་དྲགས་སོང་། །

འབྱུང་ངེས་བརྩམས་ཆོས་རྩེར་སོན་དག་གི་བླ་དང་སྲོག་ལ་གས་ཆག་ཤོར། །

ས་མཐའི་སྡུག་པོ་ཞིབ་ཏུ་མཚོན་པའི་གཞས་ཀྱང་ད་ནས་གསན་དཀའ་འོ། །


ཆང་ལ་དགའ་བ་མ་ཡིན་ཟེར་ཡང་མྱི་ལ་འབྲེལ་བའི་རྣམ་འགྱུར་གཙང་། །

འབྲོ་ལ་མཁས་པའི་ཆང་རོགས་མ་ཚོར་རིན་མེད་ཚིག་གི་རྫོངས་པ་སྟེར། །

ཆང་གི་རྒྱ་མཚོ་ལོ་མང་བརྒལ་བའི་འབྲོག་གཤིས་ཅན་ཁྱོད་ཆང་ཁ་ནས། །

དོ་དགོང་འཕྲད་སྙིང་རབ་ཏུ་རྒོད་ཀྱང་མངོན་འགྱུར་མེད་པ་ཆོས་ཉིད་དོ། །


གཅིར་ཉེན་བསྐྱུར་དོགས་རེས་ཀྱི་བར་ལ་ཁྱེད་ནི་ཁེར་རྐྱང་སྙན་ངག་པ། །

གོ་སླ་རྟོགས་བདེའི་ཚིག་སྦྱོར་བར་ནས་སྣང་བའི་རི་མོ་མང་དུ་བཞེངས། །

ལས་རིགས་གང་ལ་འབད་པ་བགྱིས་ཀྱང་རེ་འབྲས་དོན་སྨིན་བྱེད་པོ་བ། །

སྒེར་འདོད་གདོན་གྱི་ཁ་རླངས་མ་ཕོག་འབྲོག་རྒན་ཁྱེད་ཉིད་ཨེ་མ་རྨད། །


གནའ་མིའི་སྒལ་ཚིགས་འཛོམས་པོ་མིན་ན་སྐད་ཆ་དེ་འདྲ་གླེང་དོན་མེད། །

རིགས་ལ་བློ་དཀར་གཞུང་དྲང་མིན་ན་སྙན་ངག་དེ་འདྲ་འབྲི་དགོས་མེད། །

རྐང་ལ་གཙིགས་ཆེ་རྐང་གིས་ཁམས་གསོ་མི་ཚེའི་བྱས་པ་རྐང་ཡིན་པའི། །

ཆེ་ཚུགས་བྲལ་ཞིང་འདྲིས་སླ་ཕུགས་བརྟན་ཁྱེད་ནི་མྱི་སྐྱིད་ཤ་སྟག་རེད། །


ཚན་རྩལ་གློག་འོད་ཇི་ལྟར་རྒྱས་ཀྱང་ཞག་སྒྲོན་ངོགས་སུ་ཚོར་ཤེས་གསོ། །

ཨ་གསར་མ་གསར་ཚོགས་ལ་མི་དད་སྲོལ་རྒྱུན་གསེང་གི་སྣུམ་དེ་འཚོལ། །

བརྩེ་དུང་ཀུ་རེའི་གབ་དོན་ཤེས་ཀྱང་གཤིས་འཇམ་བུ་མོའི་ལང་ཚོར་ཞེན། །

རི་ཆུའི་དུངས་པ་རུས་ཀྱིས་མ་བོར་འབྲོག་སྡེ་གསར་བའི་འཕོ་འགྱུར་འཚོ། །


ཚོར་བ་གཅིག་འདྲ་བྲིས་འདུག་ཅེས་པའི་རྩོམ་ཞིག་ཁྱེད་ཀྱིས་ང་ལ་གཏད། །

ངས་ཀྱང་ཕངས་སེམས་ཆེན་པོའི་ཁུད་དུ་ཁྱེད་ལ་རྗེས་དྲན་སྙན་ངག་འབྲི། །

སྐྱ་མདོག་ཤར་བའི་དུས་ཚིགས་འདི་ལ་སྟོང་བའི་དབྱིངས་སུ་ཀི་བཏབ་སྟེ། །

ཞེ་འགྱོད་བཤད་ཀྱང་ཕན་པ་མི་འདུག་ཁྱེད་ལ་གཏན་བདེ་ཐོབ་པར་སྨོན། །


༢༠༢༣ལོའི་ཟླ༡༢པའི་ཚེས༢༠ཉིན་གྱི་དགོང་མོར་  

བོད་མཁར་རྐང་ཚ་རུ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号