དུ་སྤྲིན།(ཡུལ་ཤུལ)
དྲི་མེད་དུང་གི་མདོག་ཅན་བཞིན་རས་ངོས།།
དཀྱུས་རིང་སྤྱན་ཟུང་རི་དྭགས་མཚན་མ་རྒྱུ།།
སྨིན་མ་ཚེས་གསུམ་ཟླ་བའི་དབྱིབས་ཅན་མ།།
ཞི་འཛུམ་སྒེག་པའི་ཉམས་ཀྱིས་ཡིད་འཕྲོག་མ།།
མ་བྲིས་རང་བྱུང་པད་མ་གཉིས་སུ་གས།།
སོ་ཕྲེང་གངས་རི་སྟར་ལ་བརྒྱུས་པའི་དབུས།།
སྲབ་འཇམ་ལྗགས་ཀྱི་དབང་པོ་དམར་ཞིང་འཁྱིལ།།
ལེགས་བཤད་རིག་སྔགས་འཆད་ལ་ངལ་བ་མེད།།
སྐེད་ཕྲ་ལྡེམ་པ་ཚིགས་དྲུག་སྨྱུག་མའི་དཔེ།།
མདོག་ལེགས་རིན་ཆེན་གོས་ཀྱི་རྒྱན་འཆང་ཞིང་།།
ཟག་མེད་བདེ་སྟོང་ཡེ་ཤེས་གར་ལ་རོལ།།
བཅུ་དྲུག་ལང་ཚོ་མ་ཡལ་གཞོན་ཤས་སྒེག།
དུས་གསུམ་ཤེས་བྱའི་ཆོས་རྣམས་མ་འདྲེས་པར།།
ལག་མཐིལ་རི་མོའི་གྲངས་བཞིན་མཁྱེན་པ་ཡི།།
སེམས་ཉིད་ཤེལ་དཀར་མེ་ལོང་དྭངས་ཤིང་གསལ།།
མཁྱེན་སྟོབས་དགུང་སྔོན་ཉི་མའི་དཔལ་ལ་འགྲན།།
རྒྱུད་མང་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ཡིས།།
ཇི་སྙེད་འགྲོ་བ་རྒུད་པའི་ནད་མུག་སེལ།།
ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཟབ་མོའི་ཆོས།།
རབ་སྙན་དྲུག་བཅུའི་དབྱངས་ལས་ལེགས་པར་དྲངས།།
ཆུ་འཛིན་རྣམ་པར་གཡོ་བའི་གདན་གྱི་སྟེང་།།
གཞའ་རིས་གོས་ཀྱི་རི་མོ་ལྟ་ན་སྡུག།
རྒྱུད་དྲུག་པི་ཝང་དབྱངས་ལ་སོར་མོས་རེག།
ཡིད་དབང་ཉམས་འགྱུར་དང་བཅས་འགྱིང་པ་ལགས།།
སྐུ་ལུས་པད་མའི་ཡུ་བ་འདར་འདར་ལ།།
མཛེས་སྡུག་རྒྱན་གོས་འཇའ་ཚོན་རི་མོ་བཀྲག།
སྙན་པའི་ངག་ལ་དབང་བསྒྱུར་བྱང་ཆུབ་མ།།
ཁོ་བོའི་བློ་ཡི་བརྟེན་པ་གཅིག་པུར་གྱུར།།
༢༠༢༢/༥/༡༩
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注