རྒྱང་འབྲོག་གི་དབྱར་ཁ།
སེང་རྡོར།
༡
ཡར་ཞིག་འབྲོག་པའི་དབྱར་སར་སླེབས་པ་ན།།
སྐབས་རེར་གནམ་ས་གཉིས་པོ་འཕྲོད་གྲབས་དང་།།
ཤར་ནུབ་ཀུན་ཀྱང་ཐོད་ཅིག་ཐུག་སྙམ་བྱེད།།
ལན་རེར་དེ་ཀུན་སྤྲུལ་པ་བཤིག་བཞིན་ཡལ།།
རྩྭ་ཐང་ཆེན་པོ་མུ་མཐའ་མེད་པར་འཆར།།
ཞིབ་ཏུ་བརྟགས་ན་རང་ཁྱིམ་ཚུན་ཆད་ཀྱང་།།
མིག་གིས་ཟིན་དཀའི་ཐག་རིང་ཡོད་ཀྱང་སྲིད།།
༢
དེའུ་འབུར་ཆུང་ངུའི་ཕག་ཏུ་སྡེ་ཚོ་དག །
སྐར་མ་བཞིན་དུ་ཐོར་ཡོད་ཅི་ཆ་སྟེ།།
མདའ་རྒྱང་གང་གིས་རི་ངོས་ཡར་ཕྱིན་ན།།
གནམ་ལ་ལག་སྙོབ་བྱེད་ཀྱང་ཐུབ་པ་ལྟའི།།
ཕོ་ཚོད་སྣ་ཚོགས་མི་རྒན་ལ་ཡང་སྐྱེ།།
༣
ཆར་བ་འབྲུག་སྒྲ་གློག་དམར་ཆོས་ཁ་ཤས།།
སྔོན་དཔག་ཙམ་ཡང་བྱེད་ལོང་མེད་པར་བརྗེ།།
༤
སྨུག་པ་རིམ་པ་རིམ་པས་ཚུར་ལུད་དེ།།
ཁྱིམ་མཚེས་གཡས་གཡོན་མི་རྙེད་མངོན་སུམ་འབྱུང་།།
ཅིག་ཅར་བརྡ་ཡིས་བསྐུལ་བ་ནང་བཞིན་དུ།།
རི་སྐེད་སྒང་ཟུར་གང་ཞིག་བསྡུ་བའང་ཡོད།།
ཉི་མ་ཤར་སྒང་ཐོག་འཕེན་མེ་སྟག་མཆེད།།
ན་ཁུད་ཡར་མར་དུ་བ་སྔོ་བྲེང་བྲེང་།།
འགྲོ་བར་ཕྱིན་ཚེ་ཐོག་གིས་བརྒྱབ་ཤུལ་ཞེས།།
ས་ལ་རི་མོ་ཅི་རིགས་རྙེད་རྒྱུའང་གདའ།།
༥
གནམ་དགྲས་བསད་པ་ཡིན་ཞེས་རང་ཁྱིམ་དང་།།
ཐག་མི་རིང་སར་སེམས་ཅན་གཡག་ལུག་གི །
རོ་མང་ཁྱི་ལྡོམ་བྱ་རྒོད་གཟན་དུ་བཟའ།།
༦
སྨུག་པ་ཡར་ཡར་འགྲོ་ཚེ་རི་བོ་ནི།།
མར་མར་ལུག་བྱུང་ལྟ་བུ་ཅི་མ་ཡིན།།
ཇི་སྲིད་བར་སྣང་སྤྲིན་བཞུར་དེ་སྲིད་དུ།།
ས་ལའང་གྲིབ་གཟུགས་སྣ་ཚོགས་འགྲོ་བ་ཡོད།།
ལུང་བ་སྒང་གཤོང་ཀུན་ནི་ངང་ཙམ་གསལ།།
ངང་ཙམ་རིབ་སོགས་གཏམ་གྱི་བརྡར་མི་བཏུབ།།
༧
སྔོན་ཚེ་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི།།
ཐགས་ལ་ཐོགས་པའི་མཛེས་ལྗོངས་ཡ་མཚན་ཅན།།
དེ་འདྲ་འདི་ནའང་ཤིན་ཏུ་བརླིང་བར་གནས།།
རི་རྩེ་གཅིག་ནས་རི་རྩེ་གཞན་བར་ལ།།
ན་བུན་ཡུག་གཅིག་གིས་ནི་སྦྲེལ་བ་སོགས།།
སྐྱེ་བོ་ལ་ལ་ཆེད་གཉེར་བལྟར་འགྲོ་སེམས།།
༨
སྲོད་ཁ་མང་ཆེར་བར་སྣང་ཡོངས་རྫོགས་སུ།།
མུན་པས་བསྒྲིབས་ཤིང་ཤར་ཁུལ་བྱང་མཐའ་དང་།།
ཕྱོགས་མཚམས་སོགས་སུ་གློག་འོད་སྨྲེང་འཆོར་བ།།
དཀར་ཚུབ་ཚུབ་དུ་བྱེད་ཅིང་འབྲུག་སྐད་ནི།།
ཕྲ་ཞིང་སྦོམ་པ་དག་ནི་ཐག་ཉེ་ནས།།
ཐག་རིང་འགྲོ་ཞིང་སླར་ཡང་ཉེ་གམ་དུ།།
ཡོང་སྟེ་དགའ་སྐྱོའི་སློང་རྐྱེན་མངོན་སུམ་བྱེད།།
༩
ཐེངས་ཤིག་ང་དང་རྫི་བོ་འགའ་ཞིག་གིས།།
རི་ངོས་སྡོད་ཅིང་ཤོག་པེ་རྩེ་བའི་སྐབས།།
གློ་བུར་ནམ་མཁའ་ཅི་ཡིས་བསྒྲིབས་བྱུང་སྟེ།།
ངང་ཚུལ་དེ་ནི་ཏག་ཏག་ས་རུབ་འདྲ།།
སྤྲིན་པ་དེ་ཚོ་གང་ནས་བྱུང་བ་དང་།།
ཇི་ལྟར་འདྲེས་སོགས་ཡེ་ནས་མ་ཤེས་ལོ།།
༡༠
མི་ལོ་བདུན་བརྒྱད་རིང་དུ་ཕ་ཡུལ་དང་།།
གྱེས་པའི་བདག་གི་མགོ་དང་ཕྲག་པ་ལ།།
ཡང་བསྐྱར་གནམ་གྱི་ཆུ་ཐོར་སྙམ་དུ་སེམས།།
འདི་ཙམ་འཁྱགས་ཤིང་འདི་ཙམ་བསིལ་བ་ལ།།
ཆུ་འདིས་མཁར་གྲོང་ཁྲུས་རྫིང་དག་ཏུ་ཡང་།།
བཀྲུ་མ་ཐུབ་པ་གང་ཞིག་འཁྲུད་དམ་སྙམ།།
ཡང་ན་ཁྲུས་རྫིང་དེ་དག་ལས་འགོས་པའི།།
འབག་བཙོག་རིགས་ཤིག་གཙང་མར་བཤལ་ལམ་དྲན།།
ཆུ་འདིས་ང་ཡི་རྒྱབ་གོས་བརྟོལ་མ་ཟད་།།
ཤ་ཡང་བརྟོལ་བྱུང་འདྲ་སྟེ་ཡང་ན་ནི།།
བརྟོལ་བྱུང་བ་དང་འདྲ་བར་སྣང་བ་ཙམ།།
འདི་ཚོད་ངས་ནི་རྟ་མགྲིན་དུག་དབྱུང་དྲན།།
འདི་ཚོད་ངས་ནི་རྣམ་འཇོམས་བྱབས་ཁྲུས་དྲན།།
༡༡
བག་ཙམ་ནས་ནི་ཆར་བའི་འབབ་ཤུགས་ནི།།
ཇེ་དྲག་གྱུར་ཏེ་དངངས་དགོས་ཚོད་དུ་ཐོན།།
འོན་ཏེ་རྫི་བོ་དེ་དག་མི་ཅི་སྙམ།།
ངས་ཀྱང་ཧུར་པོ་བྱས་ནས་བསྡད་དགོད་བྲོ།།
༡༢
བསྟུད་མར་འབྲུག་གྲགས་གློག་འཁྱུགས་ཐོག་ཀྱང་བརྒྱབ།།
གནམ་ས་གཉིས་པོ་འཕྲོད་རྒྱུ་ཡིན་པ་འདྲ།
ཏན་ཏན་འཕྲོད་རྒྱུ་ཡིན་འདྲ་ངོ་མཚར་རེད།།
༡༣
དགོང་མོ་ཞིག་ལ་ཡུལ་མི་དག་དང་ལྷན།།
ཇ་འཐུང་ཁ་བརྡ་བྱས་ཏེ་སྡོད་སྐབས་སུ།།
ཁོ་ཚོས་ལོ་རེར་ཐོག་གིས་བསད་པ་ཡི།།
མི་དང་ཕྱུགས་ཀྱི་ཁ་གྲངས་གླེང་བ་ཐོས།།
ཁོ་རྣམས་རི་བོ་རེ་ལ་ཆེ་གེ་མོའི།།
མིང་གིས་འབོད་ཅིང་དེ་དག་གཉན་ཚུལ་སྨྲ།།
༡༤
ཁོ་ཅག་ཟེར་བ་དེ་དག་ལན་རེར་ནི།།
རླུང་ཞིག་ཡིན་ཅིང་ལན་རེར་མེ་ཞིག་རེད།།
མཚམས་རེར་ཡ་གིའི་ལུང་བ་དེ་ཡིན་ཅིང་།།
སྐབས་རེར་གམ་གྱི་ལབ་ཙེ་དེ་ཡིན་འདུག །
༡༥
ཐབ་མེ་ལམ་ལམ་འབར་བའི་འོད་ངོགས་ནས།།
དེ་ཚོས་ག་ལེར་གོ་འདོན་བྱེད་མགོ་བརྩམས།།
༡༦
ངང་ཙམ་ནས་ནི་མི་རིང་ས་ཞིག་ནས།།
སྤྱང་ཁུ་ཡིན་ནམ་ཅི་ཞིག་དྲག་ཏུ་བརྒྱལ།།
སྦྲ་ཡི་ཧྲག་བར་ནས་ནི་རླུང་བསེར་ལྡང་།།
དེ་ཡང་སྐད་དང་ལྡན་པ་འབའ་ཞིག་རེད།།
ང་རང་འདང་རྒྱག་གིས་ནི་ཡར་ལངས་ཏེ།།
སྒོ་ཁར་ཕྱིན་ཏེ་ཀི་བཏབ་གཅིན་བཏང་ངོ་།།
༡༧
ང་ཡིས་མུན་པའི་ཟབ་ཚད་ནས་བལྟས་པས།།
རི་བོ་དག་ནི་དཀྱིལ་ཀྲུང་བསྡད་པ་མཐོང་།།
ཞིབ་ཏུ་བལྟས་པས་ས་ཚོད་རེ་རེ་ན།།
མེ་སྔོན་ལང་ལོང་འབར་ཞིང་ཁྱི་སྐད་ནི།།
ནུབ་རླུང་དག་དང་བསྡོངས་ཏེ་རི་སྐེད་རྒྱུ།།
༡༨
སྐད་ཅིག་མ་ཡི་སྐབས་འདིར་སྲེ་མོང་དང་།།
ཨ་བྲ་ལ་སོགས་ཉག་ག་ཁིས་ག་རུ།།
ལངས་ནས་བསྡད་མེད་ཅེས་ནི་སུས་བརྗོད་ནུས།།
ནོར་གྱིས་སྐྱུག་ལྡད་བྱེད་པ་ཅི་ཞིག་ཡིན།།
ང་ཡི་རྒྱབ་ཀྱི་སྦྲ་ཡི་ཕུ་ཆོན་སྟེང་།།
བྱ་འམ་ཅི་ཞིག་འཁོར་ཞིང་ཡོད་དམ་སྙམ།།
༡༩
འདི་ནས་ཡུན་རིང་བསྡད་ཚེ་ངས་ཀྱང་ནི།།
བསང་ཕུད་ཕྱག་འཚལ་མ་ཎི་འདོན་ནམ་ཅི།།
ལྟོས་དང་གནམ་གྱི་ཕྱེད་ཁེབས་གློག་འོད་ཅིག།
མཚོ་མགོ་ནས་ནི་མཚོ་རྔའི་བར་འཁྱུགས་བྱུང་།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注