གངས་རིའི་མཐོང་གི་མཛེས་རྒྱན།

བྲན། རྨ་ལྷོ།

ཨོ་གླིང་འཛིན་མའི་དཀྱིལ་འཁོར་རྒྱས་པའི་ཁར།།

ཨེ་མ་ཆོ༵ས་ལྡན་ཟེར་བརྒྱ་སྤྲོས་པའི་དབྱི༵ངས།།

ཨུ་རྒྱན་པད་འབྱུང་གདུལ་བྱ་སྐྱི༵ད་པའི་ཞིང་།།

ཨི་ཤོ་ལེགས་ཀྱི་གདུང་རྒྱུད་འཛིན་མར་བསྟོད།།


ཨ་སྔོན་ནམ་མཁའ་ཡངས་པའི་རྩེད་ར་ནས།།

ཧ་ན་ཧོན་ནེ་མ་ཡིན་ཁྱུང་ཆེན་བཞིན།།

ཨ་ཅག་ཀུན་གྱི་དབུས་ན་ཟླ་བ་ལྟར།།

ཧ་ཅང་གསལ་ཁྱོད་གངས་ཀྱི་ས་ཁྲ་ཡིན།།


ས་ཆེན་སྒེག་མོ་ཀུན་ནས་རབ་རྒྱས་ཤིང་།།

ཤ་རུས་མི་གཅིག་གླིང་ཆེན་ལྔ་ཡི་མི།།

ལ་ལུང་ཡུལ་ནས་གཅིག་ཏུ་འཛོམས་པའི་དབུས།།

ར་གན་མ་ཡིན་གསེར་གྱི་རྟགས་མ་བླངས།།


ཡ་གླིང་ཧྥེ་གླིང་ལ་སོགས་རྒྱལ་ཁབ་ཀྱི།།

འ་ལ་རྩལ་ལྡན་ཕོ་མོའི་འགྲོས་རྒྱུག་སྟེང་།།

ས་གྲགས་གནམ་གྲགས་ཆེ་བ་མང་དབུས་ནས།།

ཞ་ལུའི་མྱུག་ལྟར་མངོན་པར་འཕགས་ཁྱོད་བསྟོད།།


ཝ་ཞྭ་དམར་པོ་དབུ་ལ་མཛེས་པ་བཞིན།།

ཛ་ལང་སྤྱོད་པ་མི་མངའ་གཤིས་བཟང་མ།།

ཚ་དར་སྒྲོན་པའི་རིགས་མཐུན་མི་ཀུན་ལས།།

ཙ་གེ་ཙིག་གེ་མ་ཡིན་གཟི་བརྗིད་ལྡན།།


མ་ཡུམ་གངས་ལྗོངས་འདི་ཡི་མཚན་སྙན་གྱི།།

བ་དན་སྲིད་པའི་རྩེ་རུ་བསྒྲེངས་པའི་ཁྱོད།།

ཕ་ཡུལ་གངས་རིའི་ཞིང་གི་གཅེས་ཕྲུག་ཡིན།།

པ་བ་སངས་ལྟར་སེམས་ཀྱི་དབྱིངས་ན་འཛུམ།།


ད་ལྟ་ཁྱོད་ཀྱི་གོམ་འགྲོས་ཁྱབ་འཇུག་གིས།།

ན་རག་སྟོབས་ལྡན་ཟིལ་གྱིས་མནན་པ་ལྟར།།

ཐ་ཤལ་གཡོ་སྒྱུས་ལྷད་པ་ཕྲ་མེན་གཟུགས།།

ཏ་ལའི་འདབ་ལོ་བྲེག་པའི་ཚུལ་དུ་བརྫུས།།


ཉ་ཆེན་མཚོ་མོར་ཡན་པའི་བྱང་རྒྱུད་ཀྱི།།

ཇ་ཆང་མཚོ་ལྟར་བསྐྱིལ་བའི་འབྲོག་སྡེ་ནས།།

ཆ་ལུགས་གཞན་ལ་མ་འགྱུར་འབྲོག་མོའི་གཤིས།།

ཅ་དག་གླིང་ལྔར་བསྒྲགས་འདིས་དྲན་པ་བསླངས།།


ང་ཚོ་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི།།

ག་ས་གང་ནས་ཁྱོད་ལ་བསྔགས་པའི་སྐྱེས།།

ཁ་བཏགས་དཀར་པོའི་མདངས་ལ་འཁུ་བ་ན།།

ཀ་ནས་དག་པའི་སེམས་ཀྱིས་ཚིགས་འདི་སྤྲིངས།། 



ཞེས་ཀ་རྩོམ་འདི་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལེ་བར་སུམ་ཅུའི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་ཁྲོད་ནས་གསེར་གྱི་རྟགས་མ་བླངས་ཏེ་རྒྱལ་ཁའི་ངང་ཕྱིར་ཕ་ཡུལ་གངས་ལྗོངས་སུ་ལོག་པར་སྲིད་ན་རིང་བའི་ཁ་བཏགས་ཡུག་གཅིག་ཚབ་ཏུ་བྲན་གྱིས་བྲིས་པའོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号