གངས་རིའི་དབུ་རྒྱན་མཛངས་མ་ཆོས་དབྱིངས་སྐྱིད།གཞས་ཚིག རྐང་ཚའི་ཆོས་བཟང་།
བརྒྱ་ཚོགས་མི་ཡི་ཁྲོད་ན་སྐད་གྲགས་ཅན།།སྟོང་སྡེའི་ཡིད་སྨོན་འཆོར་བའི་སྟོབས་ལྡན་མ།།གངས་ལྗོངས་བོད་ཀྱི་སྐར་མ་འོད་ཆེན་སྟེ།།བོད་པའི་བུ་མོ་མཛངས་མ་ཆོས་དབྱིངས་སྐྱིད།།གངས་རིའི་བུ་མོ། ཆོས་དབྱིངས་སྐྱིད།གོ་ལའི་ཏོག་ཏུ་འཚེར་བ་ཁྱེད་རང་རེད།།ཁྱེད་ནི་ལྷ་མོ་ཁྱེད་ནི་སྒྲོལ་མ་རེད།།ཁྱེད་ནི་འཛམ་གླིང་བུ་མོའི་རྒྱན་གཅིག་རེད།།སེམས་ལ་རིགས་ཀྱི་རེ་བ་ཕྲག་ཏུ་འཛིན།།ངག་ལ་ཕ་མེས་སྐད་ཡིག་དེང་དུ་ལེན།།གོམ་པའི་འགྲོས་ལ་གཡང་དྲུང་རི་མོ་འབྲི།།འཛམ་གླིང་ཨོ་རྒྱལ་གསེར་གྱི་རྟགས་ལ་ཐོབ།གངས་རིའི་བུ་མོ། ཆོས་དབྱིངས་སྐྱིད།སྙིང་སྟོབས་སྲོག་གི་ཀ་བ་ཁྱེད་རང་རེད།།ཁྱེད་ནི་མྱུར་མགྱོགས་ཁྱེད་ནི་ལྷ་མོ་རེད།།ཁྱེད་ནི་འཛམ་གླིང་བུ་མོའི་རྒྱན་གཅིག་རེད།།ཕུལ་བྱུང་ཉམས་ལྡན་རྩལ་དྲུག་ལུས་ལ་བྱང་།།འགྲན་བའི་ཟླ་བྲལ་བྱ་དགའ་དང་པོ་འཛིན།།སྙན་གྲགས་འཛམ་བུ་གླིང་ལ་ཡང་ཡང་འཇོག།རླུང་རྟའི་རྒྱལ་མཚན་སྲིད་པའི་རྩེ་ན་བསྐྱོད།།གངས་རིའི་བུ་མོ། ཆོས་དབྱིངས་སྐྱིད།སྒང་བ་བོད་ཀྱི་སྟོབས་ཤུགས་ཁྱེད་རང་རེད།།ཁྱེད་ནི་མྱུར་མ་ཁྱེད་ནི་དཔའ་མོ་རེད།།ཁྱེད་ནི་འཛམ་གླིང་བུ་མོའི་རྒྱན་གཅིག་རེད།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注