ཁ་སང་དང་དེ་རིང་།

འཛམ་གླིང་ཨོ་རྩལ་གསེར་གྱི་རྟགས་མ་ལེན་མཁན་གྱི་བོད་པའི་བུ་མོར་ཕུལ་བའི་ཚིགས་བཅད་ཁ་བཏགས།

ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།

དཔའ་མོ་ཨ་སྟག་ཟེར་བ་ཁ་སང་གི་གཏམ་རྒྱུད། །

བུ་མོ་ཆོས་དབྱིངས་ཟེར་བ་དེ་རིང་གི་སྙན་གྲགས། །

ཁ་སང་དེ་རིང་ཡོད་དོ་གངས་རི་ཡི་ཚལ་ན། །

གངས་ལྷའི་འདབ་མའི་འོད་སྟོང་རྣམ་ཀུན་ཏུ་བཀྲའོ། །


འདོ་བ་གཤོག་ཐོགས་ཟེར་བ་ཁ་སང་གི་གཏམ་རྒྱུད། །

མདོ་ལའི་བུ་མོ་ཞེས་པ་དེ་རིང་གི་ང་རྒྱལ། །

ཁ་སང་དེ་རིང་ཡོད་དོ་འཛམ་གླིང་གི་མཁའ་རུ། །

གླག་མོའི་གཤོག་ཟུང་བརྐྱངས་པ་དབུ་ནག་གི་རླུང་རྟ། །


གདོང་ལྔ་གངས་ལ་རྩེན་པ་ཁ་སང་གི་གཏམ་རྒྱུད། །

སིང་སིང་གྲགས་པས་ཁེབས་པ་དེ་རིང་གི་དོན་སྙིང་། །

ཁ་སང་དེ་རིང་གཉིས་ལ་ཉིན་དཀར་བཞིན་གསལ་བའི། །

དབུ་ནག་ཐོད་ཀྱི་འཛུམ་མདངས་ཁྱོད་ཉིད་ཀྱི་བཞིན་རས། །


སྟོན་མཚན་ནམ་མཁའི་དབྱིངས་ན་སྐར་ཚོགས་ཀྱི་རྒྱ་མཚོ། །

དེ་ལས་མངོན་པར་འཕགས་པ་བཅུ་དྲུག་གི་ཆ་ཤས། །

འཛམ་གླིང་ལུས་རྩལ་རྩེད་རར་སྟག་ཤར་དང་སྨན་ཤར། །

དེ་ལས་བདེ་ལྕག་འཁྱུག་པོ་མཚོ་བྱང་གི་གསེར་མིག །


མིའུ་ཐུང་གོམ་པ་གཅིག་གིས་ས་གསུམ་དེ་དབང་བསྡུས། །

དེ་ཉིད་གཡོ་དང་ཐབས་ཀྱི་རྫུ་འཕྲུལ་ཙམ་ཟད་དོ། །

ཁྱོད་ཉིད་རྐང་པའི་རྩལ་གྱི་འཕྲུལ་འཁོར་ལ་བརྟེན་ནས། །

དབང་སྔོན་གོ་ལ་ཟླུམ་པོ་དབྱར་རྔ་བཞིན་བརྡུངས་བྱུང་། །


ཁྱོད་ཀྱི་མིག་ཆུ་རྡོག་གཅིག་མར་མར་དུ་ཐོར་ཚེ། །

ཁ་བའི་རྡུལ་གྱི་ལྷུན་པོ་ཡར་ཡར་དུ་འཕགས་བྱུང་། །

མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དང་ལྷན་ཅིག །

མཚོ་བཞི་གླིང་ལྔའི་ཐལ་མོ་དྲག་ཆར་བཞིན་བརྡབས་སོང་། །


འཇོལ་མོ་སྨུག་གསེབ་གྲག་པའི་སྙན་འཇེབས་ཀྱི་རོལ་དབྱངས། །

རྐང་དྲུག་མེ་ཏོག་ཚལ་དུ་སྤྲོ་སྐྱིད་ཀྱི་གླུ་གར། །

མཁས་པས་སྡེབ་སྦྱོར་བཏགས་པའི་ཚིགས་བཅད་ཀྱི་ལྷ་རེག །

མཚམས་འདིར་ཁྱོད་ལ་མི་འབུལ་སུ་ཞིག་ལ་འབུལ་ལོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号