གངས་རིའི་བུ་མོ།

བདེན་སྨྱུག མང་རྫོང་།

ས་ཆེན་གོམ་པས་བརྒལ་ཏེ། །
འཛམ་གླིང་གཡས་སུ་བསྐོར་མཁན། །
ཡ་གླིང་རྒྱལ་ཁབ་མང་པོར། །
སྙན་གྲགས་འབྲུག་བཞིན་ལྡིར་སོང་། །


མཚོ་ཆེན་ཁྲི་ཤོར་རྒྱལ་མོའི། །
རླབས་ཕྲེང་མཁའ་རུ་འཕྱུར་འདུག།
གངས་རིའི་བུ་མོ་ཁྱོད་ཀྱིས། །
གོམ་པས་ས་ཆེན་བརྒལ་སོང་། །

མཚོ་བྱང་མདའ་བཞིའི་ཡུལ་གྲུ། །

བཙན་པོ་ལྡོང་གི་བུ་རྒྱུད། །
ཞུམ་མེད་སྤོབས་པའི་དཔའ་རྩལ། །
ཁྱོད་རང་གཅིག་པུས་ངོམ་སོང་། །

སྦྲ་ནག་དུད་པ་ཅན་དེ། །
ཁྱོད་རང་སྐྱེས་སའི་ཕ་ཁྱིམ། །
གདོང་བ་སྨུག་པོ་ཅན་དེ། །
ཁྱོད་ཀྱི་ཕུ་ནུ་རི་སྡེ། །


དུས་རབས་ཉེར་གཅིག་དུས་ལ།།
བོད་པའི་དེབ་ཐེར་ངོས་སུ། །
སྔོན་མེད་མཛངས་མིའི་འཕྲིན་ལས། །
བོད་པའི་བུ་མོས་བཞག་འདུག།


ཆོས་ལྡན་བོད་པའི་བུ་མོ། །
མཁའ་དབྱིངས་རྩལ་གྱིས་གཞལ་སྐད། །
སྐྱིད་ལ་སྡུག་གི་ལས་འབྲས། །
རྒྱུ་འབྲས་ཚངས་ཐིག་གསལ་ལེར། །

བོད་པའི་བུ་མོའི་སྙིང་སྟོབས། །
ཁྱོད་ཀྱི་གསལ་བོར་བརྗོད་འདུག།
བོད་མི་ཁྲི་སྟོང་མང་བོར། །
ཁྱོད་ཀྱིས་སེམས་ཤུགས་སྦྱིན་སོང་། །


བོད་ཅེས་མིང་ཙམ་ལྷག་ཀྱང་། །
བརྩོན་པས་རལ་གྲི་བརྡར་ན། །
ནམ་ཞིག་འཛམ་གླིང་ཏོག་ཏུ། །
གསེར་གྱི་རྟགས་མ་ལོན་སྐད། །

དུས་རབས་ཉེར་གཅིག་དུས་ལ། །
འཛམ་གླིང་འདུར་རྒྱུག་ཁྲོད་དུ། །
གསེར་གྱི་རྟགས་མ་མང་པོ། །
ཁྱོད་རང་གཅིག་པུར་ཐོབ་སོང་། །

2023. 10. 11



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号