རྟ་མཆོག་གསེར་གྱི་བུམ་པ།
ལྕགས་ཐར་འབུམ།
ཤེལ་དཀར་མེ་ཏོག་མཎྜལ་སྤུངས་པའི་ཞིང་།།
སྤང་ལྗོངས་མེ་ཏོག་རི་མོར་བྲིས་པའི་གཞིར།།
རྟ་ནོར་ལུག་གསུམ་མུ་ཏིག་ཕྲེང་མཛེས་བཞིན།།
སྡུག་གུར་བཞད་འདི་མདའ་བཞིའི་ཕ་ཡུལ་ལགས།།
དེ་ན་ལྷ་གནས་ལྷ་ལས་མཆེད་པའི་མིས།།
ཕན་བདེའི་ཆོས་ནོར་ཆོས་དཔལ་རྒྱས་པའི་ཁུར།།
དགེ་ལེགས་དབྱངས་སྙན་དབྱིངས་ནས་འགྲེམ་པའི་གཏམ།།
ཕུན་ཚོགས་དགའ་སྐྱིད་སྐྱིད་པའི་དུང་བརྡ་བསྒྲགས།།
ཆོས་ཉིད་དམིགས་པ་མེད་པ་བརྩེ་བའི་ཀློང་།།
དབྱིངས་རིག་མེ་ཏོག་ངང་གིས་འཛུམ་པ་ཅན།།
བདེ་སྐྱིད་རྫོགས་ལྡན་གསར་བའི་འཛུམ་མདངས་ཤིག།
འཛམ་གླིང་འཛིན་མ་མཛེས་པའི་དཔྱིད་དུ་བཞད།།
གསེར་གྱི་རྟགས་མ་ས་ལེ་སྦྲམ་གྱི་གཤིས།།
གྱི་ལིང་རྟ་མཆོག་འདུར་དང་ལྷན་ཅིག་ཏུ།།
རྟགས་དང་རྟེན་འབྲེལ་དགེ་མཚན་འབུམ་གྱི་དཔལ།།
མ་རྙིང་དར་དཀར་གསེར་བུམ་མགུལ་དུ་དཀྲིས།།
དེ་ཡང་ཁྲི་ཤོར་རྒྱལ་མོའི་རླབས་ཀྱི་སྒྲ།།
འབའ་འབའ་ལུ་གུ་རྟེའུ་ཆུང་འཚེར་བའི་སྒྲ།།
ལྷན་ཅིག་ཀ་ཁའི་སྦྱོར་ཀློག་དབྱངས་ཀྱི་སྒྲ།།
ཕན་ཚུན་འགྲན་པའི་ཟོལ་གྱིས་འཚར་ལོངས་བྱུང་།།
དང་པོ་ཀློག་གི་སློབ་མའི་ཟོལ་དུ་གྱུར།།
བར་དུ་གཉེན་ཉེའི་ཚ་མོའི་གཟུགས་སུ་བྱོན།།
ཐ་མར་འཛམ་གླིང་འཛིན་མའི་རྒྱན་དུ་གླེང་།།
སྔོན་བསགས་ལས་ཀྱི་མཐུ་ལ་ལྡོག་ཏུ་མེད།།
ཕུགས་འདུན་འདུར་ལ་བཅོལ་བའི་ལོ་ཟླའི་ཁྲོད།།
ཕྱི་ནང་འགལ་རྐྱེན་ཐོག་ཏུ་བབས་ཀྱང་རུང་།།
བགྲང་བྱ་བཅུ་ཕྲག་འདས་པའི་ལམ་ཐིག་ཏུ།།
རྐང་ལག་སྒྲོག་གིས་མ་ཐུབ་ཁྱོད་མིན་མེད།།
རྔུལ་ཆུའི་ཕྲེང་ཐག་ཆད་པའི་ལོ་ཟླ་དང་།།
མིག་ཆུས་ས་གཞི་བརླན་པའི་རླབས་རིས་ཁྲོད།།
ས་སྒང་སྔས་སུ་བྱས་པའི་ཁྲི་སྟེང་དུ།།
ཕྱག་ཟུང་གསེར་གྱི་རྟགས་མའི་མགུལ་བར་འཐམ།།
བརྩེ་བ་སེམས་དང་དུངས་པའི་ཤ་དང་ཁྲག།
དམ་དུ་འཁྱུད་པའི་ལ་རྒྱའི་དཔུང་བ་འདི།།
སྒང་བ་བོད་དང་མེས་པོའི་རྒྱལ་ཁབ་ཀྱི།།
མཚན་སྙན་གདུགས་དཀར་དགུང་དུ་འདེགས་ཕྱིར་ལགས།།
བགྲང་བྱ་བཅུ་གཅིག་འདས་པའི་འདུར་རྒྱུག་གི།
གྲུབ་འབྲས་དར་དཀར་རེ་ཞིག་འཐེན་གྱུར་ཀྱང་།།
རྒྱུ་འབྲས་རྒྱ་མ་བཙན་པོའི་བདེན་སྟོབས་ཀྱིས།།
ད་ནི་ས་ཆེན་སྒུལ་བའི་བརྟུལ་ཞུགས་བླངས།།
མདོར་ན་བརྩེ་བའི་གཉེན་ཉེ་ཕ་ཡུལ་དུ།།
རྟ་མཆོག་ནོར་བུའི་ཁ་ལོ་བསྒྱུར་དང་ལྷན།།
སྤྲོ་དགའི་དར་དཀར་ཁ་ཆར་འབབ་པ་བཞིན།།
དགེ་ལེགས་ཤིས་པའི་མཚན་མ་ཁྱོད་ལ་འབུལ།།
ཞེས་རྟ་མཆོག་གསེར་གྱི་བུམ་པ་ཞེས་པའི་སྙན་རྩོམ་འདི་ནི་རང་གི་སློབ་མར་གྱུར་བའི་ཉེ་གནས་ཚ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལེ་བར་སུམ་ཅུའི་ཕོ་མོམཉམ་བསྲེས་ཀྱི་འདུར་རྒྱུག་ཁྲོད་གསེར་གྱི་རྟགས་མ་བླངས་པ་དང་། འཛམ་གླིང་ཨོ་རྩལ་གསེར་གྱི་རྟགས་མའི་གསབ་འབུལ་མཛད་སྒོའང་ལེགས་གྲུབ་བྱུང་སྟེ། རྒྱལ་ཁའི་ངང་ཕྱིར་མཚོ་བྱང་གི་གཉེན་ཉེའི་གམ་དུ་ཕེབས་པར་དགའ་བ་འབུམ་གྱིས་མཉེས་ཏེ། དགེ་མིང་འཛིན་པ་གྱི་ན་བ་ལྕགས་ཐར་འབུམ་གྱིས་བཀྲ་ཤིས་རྟེན་འབྲེལ་ཞུ་མཚོན་དུ། སྤྱི་ལོ2023ལོའི་ཟླ10པའི་ཚེས11ཉིན་བྲིས་པ་དགེ་ལེགས་འཕེལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注