ཕོ་ལོ་ཉི་ཤུ།

བོད་ལྗོངས་སློབ་ཆེན། བློ་བཟང་བསྟན་འཛིན།


ངའི་ལྟེ་ཁྲག་གི་ཟེགས་མ་ཐེངས་དང་པོར་མི་ཡུལ་གྱི་ཞིང་ས་རུ་འཐོར་ཞིང་ངུ་ངག་གི་དབྱངས་རྟ་ཆེས་ཐོག་མར་མི་ཡུལ་དུ་གྲགས་པ་ནས་ད་བར་ལོ་ཡི་བགྲང་བྱ་ཉི་ཤུ་ཏག་ཏག་འདས་ཟིན་འདུག ཀེར་ཀེར་མགོ་ནག་མི་བུ་ཞིག་ལ་མཚོན་ན་བགྲང་བྱ་ཉི་ཤུ་ནི་ལོ་ཟླས་བརྩེགས་པའི་དུས་ཀྱི་གྱང་རིམ་མཐོན་པོ་ཡིན་ལ།  སྐྱེ་རྒ་ན་འཆིའི་འཇིག་རྟེན་ཆོས་ཉིད་ཀྱིས་གྲུབ་པའི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཅི་ལ་མིན།

དུས་ཚོད་ནི་རྒྱུན་དུ་དུས་ཚོད་གཞན་ཞིག་གི་དྲན་གསོ་ཙམ་དུ་གྱུར། ང་ཚོ་ཡང་དུས་ཚོད་ཀྱིས་དྲན་པའི་རུམ་ཁ་རུ་ཉར་བའམ་ཡང་ན་དུས་ཚོད་ཀྱིས་སེམས་སྦུབས་ནས་བརྗེད་ངས་སུ་བསྐྱུར་སྲིད། དེ་ནི་གཙོ་བོ་རང་ཉིད་ལ་རག་ལས་ཡོད་དེ་མི་ཡན་གར་བ་གང་ཞིག་གསོན་པོར་འཚོ་དུས་སུ་དེས་ཕ་རོལ་པོ་དང་སྤྱི་ཚོགས་ལ་བཞག་པའི་ལག་རྗེས་ལ་ཚད་འཛིན་དགོས་བསམས། ངས་འདས་ཟིན་པའི་མི་ལོ་ཉི་ཤུར་དྲན་གསོ་ཡི་ཕྱིར་མིག་ཅིག་གམ་མནོ་བསམ་གྱི་འདང་རྒྱག་ཅིག་བྱེད་ན་ངས་མི་གཞན་དང་སྤྱི་ཚོགས་ལ་ཕན་པའི་བྱ་བ་སྣེ་གཅིག་བསྒྲུབ་རྒྱུ་ལྟ་ཞོག་རང་ཉིད་ཀྱིས་ངེས་པར་བགྱི་དགོས་པའི་ལས་མང་པོ་ཞིག་ཀྱང་གོ་མེད་ཚོར་མེད་དུ་བསྐྱུར། གང་ལྟར་མི་ལོ་ཉི་ཤུ་དེ་ནི་རང་སྣང་ཟ་ཟི་དང་སྤྲོ་སྣང་ཐམ་ཐོམ་གྱི་ངང་ལ་གསོག་གསོབ་དང་སྒྱིད་ལུག་གིས་འཚོ་ཞིང་རྫོགས་སོ། །

རྒྱུ་དངོས་པོ་དང་ནོར་རིན་ཆེན་ཡང་ན་དེ་ལས་ལྷག་པའི་རིན་བྲལ་གྱི་དུས་ཚོད་སོགས་གང་ཡང་རུང་བ་ཞིག་རང་ཉིད་ལ་དབང་དུས་གཅེས་སྤྲས་མི་བྱེད་ཅིང་རང་ཉིད་ཀྱི་ལག་ནས་ཤོར་དུས་འགྱོད་སེམས་དྲག་པོ་སྐྱེས་པ་མཐོང་། དེ་ནི་ཧ་ལམ་མི་ཕལ་མོ་ཆེའི་ངང་གཤིས་སུ་གྲུབ་པ་སྣང་སྟེ། ང་རང་ལ་མཚོན་ནའང་དེ་ལྟ་རང་ཡིན་ཏེ། ངས་ཕོ་ལོ་བཅོ་ལྔ་ཙམ་གྱི་བར་བློ་སེམས་ལེགས་པོ་མི་འཚར་བ་དང་ཧ་མི་གོ་བ་སོགས་ལ་ཁ་གཡར་ཞིང་སྤྲོ་སྣང་ལྡན་པའི་བྱིས་དུས་རོལ་དགོས་ཞེས་གོ་མེད་ཚོར་མེད་ངང་བསྡད། དེ་ནས་ཕོ་ལོ་ཉི་ཤུའི་བར་ལེ་ལོ་དང་སྒྱིད་ལུག་གཏན་གྲོགས་སུ་བསྟེན། བསླུ་བྲིད་ཀྱི་བུ་མོ་དང་ལྷན་དུ་མ་འོངས་པར་སྟོང་བསམ་གྱི་རི་མོ་བཀོད་ཀྱིན་དུས་འདའ་བར་བྱེད། སྤྲོ་སྣང་དང་བདེ་བ་ཁྱོར་གང་གི་ཆེད་དུ་མ་འོངས་དང་ཕུགས་བསམ་ཟེར་བའང་ལྟག་རྒྱབ་ཏུ་བསྐྱུར། དུས་ད་ལྟའི་ཆ་ལའང་ད་དུང་རུས་པས་བརྩེགས་ཤིང་རྩ་རྒྱུད་ཀྱིས་རྒྱན་པ་ལྤགས་པས་གཡོགས་པའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་ལྗིད་ཏིག་ཏིག་འདི་དྲུད་ཅིང་སློབ་ཆེན་སློབ་མ་ཞེས་པའི་སྣང་བ་མཐོན་པོའི་འབོག་ཏོ་གྱོན་ནས་འཇིམ་གྱི་སེང་གེའི་ཚུལ་བཞིན་དྲན་མེད་དུ་འགྱིང་ཞིང་འཚོ།

དུས་ཚོད་ཀྱི་གྲུ་ཁ་ནས་ང་ཚོ་ནི་མི་ཡུལ་གྱི་མགྲོན་པོ་ཙམ་ཡིན་ཞེས་པའི་དཔེ་ལྟར་མིག་འཛུམ་ཐེངས་གཅིག་ལ་བགྲང་བྱ་ཉི་ཤུ་ནི་ནམ་མཁའ་ན་འཁྱུད་པའི་གློག་གི་གར་དང་འདྲ་བར་དེ་མ་ཉིད་དུ་འདས་ཟིན། འདས་སོང་གི་ནམ་ཟླའི་ཁྲོད་དུ་དྲིན་ཅན་ཕ་དང་བྱམས་ལྡན་མའི་རེ་བ་དང་འདུན་པ་ཇི་སྙེད་ཅིག་ཆུད་ཟོས་སུ་བཏང་ལ་རང་ཉིད་ཀྱི་འཆར་གཞི་དང་རེ་བ་མང་དག་ཅིག་ཀྱང་མིང་ཙམ་དུ་ལུས། ད་ནི་ངོ་མ་ཞེད་སྣང་དང་དངངས་འདར་ཤོར་གྱི་འདུག་སྟེ། སྤྱི་ཚོགས་ཀྱི་འགྲན་རྩོད་ནི་ཉིན་རེ་ལས་ཉིན་རེར་ཇེ་ཆེར་འགྲོ་བཞིན་འདུག་མོད། འོན་ཀྱང་ང་ལ་དབང་བའི་དུས་ཚོད་ནི་ཉིན་རེ་ནས་ཉིན་རེར་ཇེ་ཉུང་རེད། ངས་ཕུགས་བསམ་དང་དམིགས་འདུན་ཆེན་པོ་སྔར་ནས་ད་བར་གླེང་མ་མྱོང་ལ་ངོ་མ་བཤད་ན་གླེང་བའི་སྤོབས་པ་དང་གདིང་ཤུགས་ཀྱང་དབེན། ད་ལྟའི་ཆར་ངའི་དམིགས་འདུན་གཙོ་བོ་ནི་ཉེ་ས་ནས་རང་ཁ་རང་གསོ་དང་རིང་ས་ནས་དྲིན་ཅན་ཕ་མ་ཟུང་ལ་རྒྱང་གསོ་ཐུབ་ཙམ་བྱུང་ན་སྙམ་པའོ།།

ཕོ་ལོ་ཉི་ཤུ་ནི་ས་ཆེན་བརླན་པའི་ཆུ་ཀླུང་སྔོན་མོ་དང་མཚུངས་ཤིང་ང་རང་ཡང་ན་ཚོད་དར་ལ་བབས་པའི་མཉན་པ་ཞིག་ཡིན་ཏེ།ངས་རིག་པའི་གཡོ་གྲུ་ལ་བསྡད་ནས་ལོ་ཟླའི་ཆུ་ཀླུང་སྔོན་མོའི་འཇིངས་སུ་བསྐྱོད་དེ་མ་འོངས་ཀྱི་གླིང་ཕྲན་དང་སྐམ་ས་དག་འཚོལ་བར་ཆས། མི་འགྱངས་པར་ང་རང་མཉན་པ་བརྟན་བརླིང་ཅན་ཞིག་ཏུ་འགྱུར་དགོས་ཏེ་རྒྱུ་མཚན་ནི་མ་འོངས་པར་ང་ཚོར་འཕྲད་པའི་འགྲན་རྩོད་ནི་བློས་གཤོང་དཀའ་བ་ཞིག་དང་ལུས་པོས་ལྕོགས་དཀའ་བ་ཞིག་ཡིན་སྙམ་མོ། །

རྒྱུག་བཞིན་པ་ནི་ལོ་ཟླ་ཡིན་ལ་རྒས་འགྲོ་བ་ནི་ང་ཚོ་རང་ཉིད་ཡིན། ང་ཚོ་འཇིག་རྟེན་འདིར་ཐོག་མར་འཚོ་ཞིང་གནས་པ་ནས་བཟུང་ང་ཚོ་ནི་ཚུར་ལེན་རིང་ལུགས་པ་ཤ་སྟག་ཡིན་ཏེ།ང་ཚོས་ཕ་རོལ་པོ་དང་སྤྱི་ཚོགས་ལས་ཚུར་ལེན་ཤག་ཤག་ཡིན་ལ་དེ་དག་རང་ཉིད་ལ་དབང་བ་ལྟར་དུ་བསྒོམས། སྤྱིར་བྱམས་དང་སྙིང་རྗེ་རྩ་བའི་རྩེ་རུ་བཀུར་ཞིང་ལས་རྒྱུ་འབྲས་ཀྱི་ཁྲག་རྒྱུན་རུས་པའི་རྐང་ལ་སིམ་པའི་ང་ཚོ་ལ་མཚོན་ན་ཚུར་ལེན་པ་དེ་ལས་ལྷག་པ་ཞིག་ངེས་པར་དུ་ཕར་སྤྲོད་དགོས་བསམས། རྒྱུ་འབྲས་བསླུ་མེད་ཀྱི་དཔེ་བཞིན་དུ་གང་ཟག་ཉིད་མི་ཡུལ་དུ་འཚོ་བ་ཁོ་ནས་ཚུར་ལེན་པ་ཞིག་ཡིན་པའི་ཕྱིར། ང་ཚོས་ཀྱང་ཧ་ལམ་ཕར་ལ་རང་གི་དཔག་ཚོད་ཀྱིས་སྣ་གཅིག་སྣ་གཉིས་སྤྲོད་དགོས་སྙམ། དེ་ལྟར་བྱུང་བའི་ཚེ་ན་ང་ཚོ་ནམ་ཞིག་ཤི་ཡང་ང་ཚོའི་སྐད་ཆ་གསོན་ངེས་སོ། ། ལོ་ཡི་གྲངས་ཀ་མཐོ་ནས་མཐོ་རུ་འགྲོ་དུས་སེམས་ཀྱི་ན་སྤང་ལ་དོན་ངོ་མས་གནས་ལུགས་ཀྱི་ཤ་མོང་གཅིག་རྗེས་གཉིས་མཐུད་དུ་བརྡོལ་འོང་།

ཨ་ཁ་ཁ། བགྲང་བྱ་ཉི་ཤུ་ནི་ངོ་མ་ཤིན་ཏུ་མགྱོགས་པར་རྫོགས། ལོ་རེ་ནས་ལོ་རེར་དུས་ཀྱི་པིར་རྩེ་རྣོན་པོས་ཨ་མའི་བཞིན་གྱི་གཉེར་རིས་མཚོ་ལྟར་ཟབ་པར་བྲིས་ཤིང་དུས་ཀྱི་བཙན་པོས་ཨ་ཕའི་སྐུ་ལུས་གཞུ་ལྟར་དུ་བཀུག ད་ནི་ངོ་མ་རང་སྣང་གང་བྱེད་དང་རང་དགའ་རང་སྐྱིད་བྱེད་པའི་དུས་ནི་གཏན་ནས་མིན་པ་ཚོར། སེམས་ཀྱི་རྟ་ཕོར་ལྕག་གིས་སྐུལ་རན། ཕོ་ལོ་ཉི་ཤུར་སོན་པའི་ཤ་དར་ཁྲག་དར་གྱི་གཞོན་པ་ད་ནི་ངོ་མ་འབད་བརྩོན་བྱེད་རན་འདུག ད་དུང་ཡང་གོ་མེད་ཚོར་མེད་བསྡད་ན་ཨ་ཕ་དང་ཨ་མ་དྲན་དུས་སེམས་ལ་ཙག་ཤད་རེ་རྒྱུག་པར་གདའ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号