མཁའ་མཐའི་གྲོང་ཚོ་དང་དེ་གའི་སློབ་ཆུང་།

---ཟླ་ངོ་བཞིའི་རིང་གི་དངོས་སྦྱོང་འཚོ་བའི་བརྗེད་ཐོ།
གཡུ་སྒྲོན་འཚོ།

དེ་ནི་དགུན་ཁ་ཞིག་ཡིན། ངས་རེ་བ་དང་ངང་སྒུག་གི་རི་མོ་རང་སེམས་སུ་ཕབ་རྗེས། འགྲུལ་ལམ་རིང་མོ་ཞིག་གི་སྣེ་མོར་འཇུས་ནས་དམིགས་སའི་ཡུལ་ལ་སྐྱོད་དུས་ནི་དགུན་ཁའི་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན། དེ་དུས། མཚན་འགྲུལ་གྱི་ལམ་ཁར་ཁ་བ་ལྷབ་ལྷུབ་འཕུར་གྱིན་པ་ངས་རླངས་འཁོར་གྱི་གློག་འོད་ལས་མཐོང་བ་ཡིན། ཙག་རླུང་འུར་འུར་ལྡང་གིན་པའང་རླངས་འཁོར་གྱི་སྒེའུ་འགྲམ་ནས་ཚོར་བ་ཡིན།

རླངས་འཁོར་དུ་བསྡད་དེ་ལམ་ལ་ཆས་དུས་ནི། ངས་རང་གི་དྲན་འཆར་གྱི་སྒོ་མོ་ཡངས་པར་ཕྱེས་ཏེ་རྟོག་འཆར་གྱི་སྣང་བ་རང་སར་སྤུར་བའི་དུས་ལ་བབས་པ་ཡིན། དེ་དུས། ངས་རང་ཉིད་ནི་རང་སེམས་ཀྱི་རྗེས་འབྲང་བ་དངོས་མ་ཞིག་སྟེ། ནམ་སད་ན་དེ་དུས་ཞོགས་པ་བྱས་ཆོག་པ་ཞིག་དང་འགྲོ་བསམ་དུས་ཁུག་མ་རྒྱབ་ལ་ཁུར་རྗེས། འཛམ་གླིང་རང་གི་ལག་མཐིལ་ན་གནས་ཡོད་པ་ལྟ་བུའི་རྒྱང་འགྲུལ་པ་ཞིག་ཡིན་པར་རྟོག་འཆར་བྱས་ཆོག་ལ། གཞས་སྙན་མོ་ཞིག་གི་གདངས་དབྱངས་ལ་སིམ་ནས་རེ་ཞིག་བླ་འཁྱམས་པར་གྱུར་ནའང་ཏབ་ཅིག་ལ་ང་ཡི་རྣམ་ཤེས་དཀྲོགས་མཁན་མེད།

གཉིད་ཐུན་ཞིག་གི་རྗེས་སུ། ངས་རང་ཉིད་གཞི་ནས་དམིགས་སར་འབྱོར་ཟིན་པ་ཤེས་ལ། མཚན་ནམ་རིང་མོ་ཞིག་རླངས་འཁོར་གྱི་སྒེའུ་འགྲམ་དེ་ནས་བསྐྱལ་ཟིན་པའང་རྟོགས། མཚོ་ངོས་མཐོ་ཚད་སྨི་བཞི་སྟོང་ལྷག་ལ་ཉེ་བའི་རྫོང་མཁར་དེའི་འཇིག་རྟེན་ཧྲིལ་བོ་དཀར་སིང་ངེ་བ་ཞིག་ཏུ་འདུག ཨ་ཆུ་ཆུ། ཁ་བ་དང་ལྷགས་པས་སྣ་དྲངས་པའི་སྐྱ་རེངས་དང་ཞོགས་པ་དེའི་ཁ་དབུགས་ཀྱི་འཁྱགས་ཚད་དེ་ང་ལ་མ་འདྲི་རོགས། མཇུག་མཐར་ཐང་ཆེན་སྒོ་མེད་དེའི་ཁ་བ་མ་ཞུ་གོང་ལ་ང་རང་གྲོགས་མོ་དག་དང་བྲལ་ནས་གཅིག་པུར་མུ་མཐུད་དུ་ཞང་གྲོང་གི་སློབ་ཆུང་ཕྱོགས་སུ་འགྲོ་དགོས་བྱུང་སོང་། དེ་ནི་ང་ལ་མཚོན་ན་རེ་ཞིག་ཡིད་ཀྱིས་ལྕོགས་པར་དཀའ་ཚོད་ཀྱི་བྱུང་བ་གློ་བུར་བ་ཞིག་ཅི་ལ་མིན། དེ་བས་མཆི་མའི་ཐིགས་པ་རེ་འགའ་ཁ་རོག་གེར་དེ་གའི་ཁ་བའི་གསེང་ལ་འཐོར་མྱོང་བ་གསང་རྒྱུ་མིན།

རང་ཚོད་ཀྱིས་ཉིན་འགྲུལ་མཚན་འགྲུལ་ངང་རྒྱང་ལ་སྐྱོད་ཐེངས་དང་པོ་ཡིན་པས་ལོས་ཡིན། སྐབས་སྐབས་སུ་ཅི་ཞིག་མགྲིན་པར་འཚང་ཡང་སླར་ཡང་ངག་སྒོ་ནས་འགག་འགྲོ་བ་ལྟ་བུའི་ཚོར་བ་ཟ་ཟི་ཞིག་གིས་ངའི་དབྱུགས་ཐག་ཀྱང་ཇེ་རིང་ནས་ཇེ་རིང་དུ་བཏང་འགྲོ། རི་བོར་མཐོ་རྒྱུ་མེད་ཀྱང་ལུང་བའི་ཁ་ཞེང་ཆེ་བའི་ཡུལ་གྲུ་འདི་ཁ་བ་དཀར་པོས་ཡོངས་སུ་གཡོགས་འདུག་པས་ཤིན་ཏུ་ཁུ་སིམ་ལ་དབེན་འཇགས་པའི་སྣང་བ་སྟེར། ཐ་ན་མི་ཟོག་གང་རུང་ཞིག་གི་རྗེས་ཤུལ་ཙམ་ཡང་མཐོང་བ་དཀོན་ན་སེམས་པའང་དབང་མེད་དུ་སྟོང་ཤུར་ཤུར་བྱེད། ཡུལ་ལུང་དེའི་ཁ་རྒྱུད་དེད་ནས་ནུབ་ཀྱི་མཁའ་མཐར་འཐེན་པའི་ལམ་བུ་བརྒྱུད་དུས། ཏག་ཏག་ནུབ་ལ་ཉེ་བའི་ཉི་མའི་འོད་ཟེར་ཤེལ་དྲ་བརྟོལ་ནས་ང་ཡི་ངོ་གདོང་དུ་འཕྲོས་སོང་། དེ་དུས་ངའི་ངལ་དུབ་དང་རབ་རིབ་རྡབ་རྡིབ་ཀྱི་ཚོར་བ་ཐམས་ཅད་ཀྱང་རེ་ཞིག་ལ་རང་སར་ཡལ་སོང་། དེའི་མོད་ལ། ངས་མཁའ་མཐའི་གངས་ཀླུང་ལ་འཕྲོས་པའི་ཉི་ཟེར་གྱི་ཀློང་ན་གྲོང་ཚོ་ཆུང་ཆུང་ཞིག་ལྷོད་འཇགས་ཀྱིས་གནས་ཡོད་པ་མཐོང་བྱུང་།

གྲོང་ཚོ་ཆུང་ཆུང་དེ་ནི་མདོར་དེད་ན་བོད་ཡིག་སློབ་ཆུང་ཞིག་ཡིན། སློབ་ཆུང་དེ་ཕུད་ན་གྲོང་ཚོ་དེའང་གྲོང་ཚོ་རུ་འགྲོ་མིན་བཤད་དཀའ།སློབ་གྲྭའི་ར་མཐིལ་དུ་ཁ་བས་བཟོས་པའི་ཕོ་བྲང་པོ་ཏ་ལ་དང་ཡུམ་བུ་བླ་མཁར་སོགས་ཡོད་པ་མཐོང་བས། དེ་དག་ནི་གདོང་པ་ནག་ཤས་ཆེ་ལ་མཁུར་ཆུང་སྨུག་པོར་ཆགས་པའི་བྱིས་པ་དེ་ཚོས་བཟོས་པ་ཡིན་ངེས་སྙམ་ན། སེམས་རྩར་ཐོག་མར་དྲོད་ཅིག་འཁྱིལ་སོང་། ཞེ་ལྷོད་ནས་ཉེ་རྒྱང་ཀུན་ལ་མིག་ཡེངས་ཤིག་བྱས་ན། གཡའ་དག་པའི་ནམ་མཁའ་སྔོན་པོ་དེའི་འོག་ན། དཀར་ལམ་མེའི་ཁ་བའི་འཇིག་རྟེན་ཞིག་ཡོད། གནམ་ས་འདི་གཉིས་ཀྱི་མཚམས་འབྱེད་བྱེད་དུ་ཆགས་པ་ཨེ་ཡིན་སྙམ་པའི་གྲོང་ཚོ་དང་གྲོང་ཚོ་དེའི་སློབ་ཆུང་ནི་འཇིག་རྟེན་གྱི་འུར་ཟིང་དང་འབྲེལ་བ་མེད་པར་ཁུ་སུམ་མེར། འཇམ་ཅག་གེར། འཛུམ་ལྷང་ངེར་གནས་འདུག ངས་ཟླ་ངོ་བཞིའི་དུས་ཡུན་ནི་ཧ་ཅང་རིང་བོ་རིང་བོ་ཞིག་ཡིན་ངེས་སྙམ། དེ་བས་ཉི་མ་དང་ཉེ་སའི་གནས་འདི་ནས་ངས་དུས་ཡུན་རིང་མོར་སྲོག་མ་ཐོར་བའི་ཐ་སྙད་ཀྱི་མེ་ཏོག་ཁྲི་འབུམ་ཁྲ་ཆིལ་ལེར་གནས་འདིའི་ཁ་བའི་གསེང་དུ་གཏོར་ཆོག་པའི་སྨོན་འདུན་ཡང་ཞུས་མྱོང་།

ང་རང་ཐོག་མར་ཁྲིད་སྟེགས་ཟེར་བའི་ཕལ་བ་མིན་པའི་ཕལ་བའི་ཐེམ་ཐོག་དེ་ནས་མར་འཁོར་ནས་འགྲེང་དུས། ངས་ནི་གཞི་ནས་རྟོགས་ཡོང་སྟེ། རང་ལ་མཚོན་ན་ནར་སོན་པ་ཞེས་པ་ནི་སླ་མོར་བཤད་ན་རང་དོན་དུ་ཁ་ཡར་འཁོར་ནས་ཙོག་ནས་འདུག་པ་ནས་གཞན་དོན་དུ་ཁ་མར་འཁོར་ནས་ལངས་ནས་འདུག་པའི་བར་གྱི་འགྱུར་ལྡོག་དེ་རེད་འདུག གཞན་གྱིས་མར་འཁོར་ནས་རང་ལ་སློབ་གྲོགས་ཞེས་འབོད་པ་ནས་གཞན་དག་ཡར་འཁོར་ཞིང་རང་ལ་དགེ་རྒན་ཞེས་འབོད་པའི་བར་གྱི་འཕོ་འགྱུར་དེ་རེད་འདུག ངས་གཞུང་ལུགས་ལས་དགེ་རྒན་ཞེས་པར་འཛོམས་དགོས་པའི་ཕྱི་ནང་གསང་གསུམ་གྱི་ཆ་རྐྱེན་གང་མང་ཞིག་བློ་ལ་སྐྱོར་མྱོང་མོད། བར་སྐབས་འདིར་ང་རང་གློ་བུར་དུ“དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བསྐྲུན་མཁན་པོ་ཡིན”ཞེས་པའི་སྐད་ཆ་འདིར་སྐྲག་སྣང་ཞིག་ཀྱང་སྐྱེས་བྱུང་། ཁོ་ཚོས་རྣམ་དག་གི་སེམས་པ་ང་ལ་ཕྱོགས་ནས་ལྷད་མེད་ཀྱི་འཛུམ་མདངས་ལྷུག་ལྷུག་གྲོལ་བཞིན་ང་ལ“དགེ་རྒན”ཞེས་འབོད་ཐེངས་རེ་རེར། ང་ནི་དངོས་གནས་དངངས་འཚབ་དང་སོམ་ཉིས་ཡང་ཡང་བསྒུལ་འགྲོ། ཁོ་ཚོས་དངོས་གནས་ང་ལ“དགེ་རྒན”ཞེས་འབོད་ཀྱིན་འདུག་ཨང་། ངས་དངོས་གནས་ཁོ་ཚོའི་བླ་སྲོག་བཟོ་བསྐྲུན་བྱེད་ཐུབ་བམ།

ནམ་མཁའི་མཐའ་ལ་ཐུག་ཨེ་ཡོད་སྙམ་པའི་གྲོང་ཚོ་དང་དེ་གའི་སློབ་ཆུང་ནས་དོན་དག་མང་ཙམ་ཞིག་བརྒྱུད་མོད། མཇུག་མཐར་ཡིད་ངོར་འགོས་ནས་ལུས་ཡོད་པ་ནི་སྐབས་དེར་སྣང་དོགས་བྱས་མ་མྱོང་བའི་དོན་ཕྲན་ཚེགས་རེ་ཡིན་འདུག དེ་ཡང་མང་ཤས་སློབ་བུ་ཚོ་དང་འབྲེལ་བ་ཁོ་ན་དག་རེད།

ཁྱོད་རང་སློབ་སྦྱོང་ལ་དགའ་བའི་བྱིས་པ་ཡ་རབས་ཤིག་ཡིན་པས་ང་ལ་བག་ཆགས་ཟབ་མོ་བཞག་སོང་ཞེས་ཟེར་དཀའ། ཁྱོད་ཀྱི་ལྟག་རྒྱབ་ན་རལ་བ་སྙིང་རྗེ་མོ་ཞིག་ཡོད་པས་ངས་བརྗེད་མ་ནུས་པའང་ཡིན་མི་སྲིད། མིག་ཟུང་ལ་པྲ་ཆལ་ལམ་རྩེད་རྒོད་ཀྱི་ཉམས་འཁྱུག་པའི་ཁྱོད་ཀྱིས་རང་གི་ཕུགས་བསམ་གླེང་དུས། གཟབ་ནན་གྱི་ངང་ནས་སོར་མོ་སྙིང་གར་སྦྱར་ཏེ“ང་རང་སྤྲུལ་སྐུ་ཞིག་བྱ་འདོད། དགེ་རྒན། སྤྲུལ་སྐུ་བྱས་ན་ནུབ་ཕྱོགས་བདེ་བ་ཅན་ནས་སྐྱེ་ནི་ཨེ་རེད། ”ཅེས་དྲིས་པའི་སྐད་ཆ་དེ་ད་དུང་ཡང་ངའི་རྣ་ལམ་ན་གསལ་གྱི་ལེར་འདུག

ཡང་ཁྱོད་ཀྱིས“རང་དབང་ཅན་གྱི་མི་ཞིག་བྱ་འདོད”ཅེས་པའི་སྐད་ཆ་དེ་ཐད་ཀར་མི་བཤད་པར།“དགེ་རྒན། རང་གིས་ལས་མི་འདོད་པ་དག་མ་ལས་ན་ཆོག་ལ་རང་གིས་ལས་འདོད་པར་བཀག་འགོག་མེད་པའི་མི་ཞིག་བྱས་ན་ཆོག་གམ། འདི་ཕུགས་བསམ་ལ་ཐེའམ།”ཞེས་འདྲི་དུས་ཀྱི་རྣམ་པ་དེ་གཞན་དང་མི་འདྲ།

གང་ལྟར་ངས་ཧ་ཅང་སྟབས་བདེའི་མིག་མདངས་ཀྱིས་བལྟས་པའི་སྣབས་ལུག་ཁྱོད་ཚོས་དགོང་ཚོགས་དེར་ང་རང་དཀའ་ལས་ལ་གཏད་པ་ཉུང་ཉུང་ག་ལ་ཡིན། ཁྱོད་ཚོས་གཅིག་ལས་གཅིག་མགྱོགས་ཀྱིས་སྨན་པ་དང་དགེ་རྒན། དེ་ནས་ཉེན་རྟོག་པ་དང་འཕུར་སྐྱོད་པ། སྤྲུལ་སྐུ་དང་བླ་མ། རང་དབང་ཅན་དང་རྒྱུ་དབང་ཅན་སོགས་ཕུགས་བསམ་སྣ་ཚོགས་ཤིག་རྒྱུ་མཚན་དང་བཅས་པར་བཤད་ཡོང་ཞིང་དེ་དག་གི་ལེགས་ཉེས་འགྲིག་མིན་ལ་བརྡར་ཤ་གཅོད་དགོས་པའི་འོས་འགན་དེ་ཕྱིར་ང་ལ་གཏད་ཡོང་བ་དང་། ཡང་དེ་དག་སོ་སོའི་ཕྱོགས་སུ་སྐྱོད་པར་ད་ནས་ཅི་བགྱིས་ན་འགྲིག་ཚུལ་གྱི་ལམ་སྣེ་སྟོན་དགོས་པའི་འགན་ཁུར་ཡང་ང་ལ་སྤྲད་རྗེས། རེ་ལྟོས་ཀྱི་མིག་ཟུང་ཆེ་རུ་ཕྱེས་ཏེ་ང་ཁོ་ན་ལ་ཉན་འདུག་པས། ང་རང་ཏབ་ཅིག་ལ་གྲག་མེད་འགུལ་མེད་དུ་བཏང་སོང་། ངས་རང་ཉིད་ལ་ཕུགས་བསམ་ཟེར་ཡ་ཞིག་ཡོད་མེད་ལ་བསམ་བློ་གཏོང་གིན་པའི་བར་ནས་འཚབ་འཚུབ་ངང“འགྲིག་གི་རེད། འགྲིག་གི་རེད། སློབ་སྦྱོང་ལ་འབད་པ་བྱ་དགོས་པ་རེད།”ཅེས་སྟབས་བདེའི་ངང་གཅིག་གྱུར་གྱི་དྲིས་ལན་ལྟ་བུ་ཞིག་དཀྱུས་གཅིག་ཏུ་བཏབ་པ་དེས་ཁྱོད་ཚོའི་ཡིད་གཏན་ནས་ཚིམས་ཐུབ་མེད་པ་ངས་ཤེས་ཡོད། ལན་དེ་འདྲ་ཞིག་བཏབ་རྗེས་ངས་སློབ་ཕྲུག་ཚོར“ཕུགས་བསམ”གླེང་རྒྱུ་ནི་གཟབ་ནན་ཅན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་ཕལ་ཆེར་ཧ་གོ་སོང་།

ཡིན་ནའང་། མཚན་མོ་དེར་ངས་ཁྱོད་ཚོས་བཤད་པའི་སྐད་ཆ་དང་དྲིས་པའི་དྲི་བ་མང་པོ་ཞིག་ལ་བསམ་བློ་ཡང་ཡང་བཏང་མོད་སྔར་བཞིན་དྲིས་ལན་རྙེད་མ་སོང་།

ཁྱོད་ཚོས་ང་ལ་ཁུར་དུ་ལྕི་བའི་མིང་འདི་བཙན་སྦྱོར་བྱས་ཚར་བ་ནས། ངས་རང་ཉིད་ལ་ལྷོད་ཡེངས་སྟེར་བའི་སྐབས་ཤིག་མ་རྙེད་པར་ཤ་རུས་གྲིམ་གྲིམ་གྱིས་རང་གི་བསྒྲུབ་འོས་པའི་ལས་ལ་འབད་བརྩོན་བྱ་དགོས་བྱུང་ཡོད། དེ་ཡང་ཡག་ཏུ་བསྒྱུར་ནས་སློབ་བུ་ཚོའི་བླ་སྲོག་གི་བཟོ་བཀོད་ཅིག་ཅིག་ཅིག་དང་ནང་སྙིང་གི་གཟུངས་གཞུག་ཉིག་ཉིག་ཉིག་གི་དོད་དུ་ཟེར་རྒྱུ་ལས་རང་གི་གྲ་ཆག་གྲུ་ཉམས་ཀྱི་ཐོས་པས་གུ་ཡངས་མ་གནང་བས་དང་ཡང་ན། མཇུག་ཏུ་བསླེབས་དུས་རང་སེམས་ན་འགྱོད་པ་མེད་པ་ཞིག་ཡོང་ཆེད་ལོས་ཡིན། སློབ་ཁྲིད་གྲ་སྒྲིག་གི་ཟིན་བྲིས་བཏབ་ནས་ནམ་གུང་ཡོལ་བའི་དོན་དངོས་ལ་ལ་ཞིག་ཁྱོད་ཚོས་གཏན་ནས་ཤེས་མེད། ཁྱོད་ཚོའི་མདུན་དུ་ངས་རང་ཉིད་ཐམས་ཅད་མཁྱེན་པ་རུ་བརྫུས་ནས་ཁ་ཤོམ་མང་དུ་འཐེན་པའང་ཁྱོད་ཚོས་བདེན་གྲུབ་ཀྱི་གནས་ལུགས་སུ་བལྟས་མྱོང་བས། ཁྱོད་ཚོ་ནི་“གཡོ་འོག”ཏུ་ཚུད་སླ་བ་དག་དག་ཀྱང་ཡིན་ཨང་།

ཡིན་ཡང་སྔར་བཞིན་ཁྱོད་ཀྱིས་ང་རང་གྲག་འགུལ་མེད་པར་བཟོ་རྒྱུ་རྒྱུན་ཆད་མ་སོང་། ཉིན་དེར། ངས་རང་ཚོད་ཀྱིས་དུས་ཡུན་རིང་ཙམ་བེད་སྤྱད་ནས་གྲ་སྒྲིག་བྱས་པའི«ཚངས་དབྱངས་རྒྱ་མཚོའི་མགུར་གླུ»ལས་ཚན་པ་འགའ་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས་ཁྲིད་དེ་ཅུང་ཚོར་བ་ཞུགས་པའི་སྐབས་དེར། ཁྱོད་ཀྱིས་གློ་བུར་དུ་མིག་ཆུ་མ་ནེ་མགོར་དྲུད་ཅིང་མགོ་བོ་བྲང་གཞུང་ལ་སྨད་ནས་འདུག ངས་སེམས་སུ་ཁྱོད་ཀྱིས་ཐེངས་སྔོན་མ་དག་དང་འདྲ་བར་ཡང་གྲལ་མཚེའུ་དང་ཞ་སྨྱུག་བརྩད་པ་ཡིན་ངེས་སྙམ་ནས་འཇིགས་འཇིགས་ཀྱིས་རྒྱུ་མཚན་དྲིས་མཐར། ཁྱོད་ཀྱིས་ལག་པས་མིག་ཟུང་ཕུར་བཞིན་ངུ་ངག་གི་སྐད་གདངས་མདའ་མོས“(ཚངས་དབྱངས་རྒྱ་མཚོ)ངའི་ཨ་ཕའི་ཤི་མིང་ཡིན།་་་”ཟེར། ད་ནི་ང་ཡིས་ཁྱོད་ལ་ཅི་ཞིག་ཟེར་རམ།

ནངས་མོ་ཞིག་ལ། དགེ་རྒན་གྱིས་ནན་འདྲི་བྱས་པས། ཁྱོད་ཀྱིས་མ་ཤེས་པའི་ཉེས་པ་ཆུང་ཆུང་ཞིག་ལ་མི་འདོད་པའི་འགྲེལ་བཤད་འོས་འཚམས་ཤིག་བྱ་དགོས་པར་གཏད་ཡོད། རྫུན་ལབ་མི་ཤེས་པའི་ཁྱོད་ཀྱིས“རྨི་ལམ་དུ་ང་རང་སྤྱོད་ཁང་ན་ཡོད། མལ་སར་གཏན་ནས་མེད། ཡིན་ཡང་སད་དུས་་་་་”ཞེས་མགོ་བོར་འཕྲུག་འཕྲུག་བྱེད་པའི་ཚུགས་ཀ་དེ་ངས་ནི་ཡིད་དུ་འོང་བ་ཞིག་ཏུ་མཐོང་སོང་།

རྒྱུགས་ལེན་ཁར་སླེབས་དུས། ཡང་ཁྱོད་རང་གློ་བུར་དུ་སློབ་ཁང་ན་མི་འདུག་པའི་དུས་ཤིག་ཡོད། དེ་དུས་ཁྱོད་ཀྱིས་ཕལ་ཆེར་ར་མཐིལ་དུ་བཞེངས་པའི་ཐོན་མིའི་ཟངས་སྐུའི་མདུན་ན་ཅི་ཞིག་བཏོན་ནས་གསོལ་བ་འདེབས་ཀྱིན་མེད་ན་ཕྱག་འཚལ་བཞིན་ཡོད་པ་ཐག་གིས་ཆོད་པས། ངས་ཁ་རོག་གེར་ཁྱོད་ལ་སྒུག་ནས་འདུག་པ་ལས་ཁྱོད་ལ་སེམས་ཁུར་གཏན་ནས་བྱ་མི་སྲིད།

ལས་སྐལ་གྱིས་བསྩལ་བའི་ཟླ་ངོ་བཞིའི་རིང་གི་སློབ་ཕྲུག་ཚོའི་འཚོ་བའི་ཡག་བཙོག་གི་ཆ་ཐམས་ཅད་འདི་རུ་འགོད་པར་རྔོ་མི་ཐོགས་མོད། རྩོམ་ཡིག་འདི་འབྲི་དུས་སྨྱུག་འོག་ཏུ་ལྡང་ཡོང་བ་ནི་འདི་དག་ཁོ་ན་ཡིན་པས། འདི་དག་ནི་ངའི་ནང་སེམས་ལ་བསུབ་མེད་ཀྱི་བག་ཆགས་འཇོག་མྱོང་མཁན་དག་ཡིན་སྲིད་པས་བརྗེད་ཐོར་འགོད་པའི་དགོས་པ་ལོས་ཀྱང་ཡོད།

བར་སྐབས་འདི་ནས། ངའི་སྙིང་ཉེ་བའི་སློབ་ཕྲུག་ཏུ་གྱུར་མྱོང་བའི་གངས་རིའི་གཅེས་ཕྲུག་དག་གི་ཕ་དང་མ་རྣམས་ལ་ཁམས་བདེ་ཞུ། ཁྱེད་ཅག་ནི་བདག་གི་སེམས་ངོ་རུ་དྲི་རྟགས་མང་པོ་ཞིག་ཕབ་མཁན་གྱི་གབ་ཚིག་ལྟ་བུ་ཞིག་ཏུ་གྱུར་ཡོད། མཚམས་མཚམས་སུ་ཁྱོད་རང་བསམ་མེད་བྱིས་པ་ཞིག་ལས་ཀྱང་སྙིང་རྗེ་མོ་ཞིག་གི་ཚུལ་དུ་ངའི་སེམས་ནང་དུ་འཛུལ་ཡོང་། ཡང་སྐབས་སྐབས་སུ་ཁྱོད་ཀྱིས་རྣམ་རིག་གྲིམ་པའི་གསང་མྱུལ་བ་ཞིག་ལྟ་བུའི་སྣང་བརྙན་རེ་ང་ལ་བཞག་ནས་བུད་འགྲོ། གང་ལྟར་ཁྱེད་ཀྱིས་ང་རང་ངུས་ན་མི་འགྲིག་ལ་བགད་ན་དེ་བས་ཀྱང་མི་འགྲིག་པའི་གནས་སུ་བསྐྱལ་འགྲོ་ཡི་འདུག

ཡང་མིན་ན། ཁྱོད་ཀྱིས་བྱིས་པའི་མདུན་ལྗོངས་དང་མ་འོངས་པ་ཞེས་པའི་ལྐོག་གྱུར་ཡིན་ལ་གནད་འགག་ཀྱང་ཡིན་པའི་མིང་ཚིག་འདི་དག་གི་ལྗིད་ཚད་དང་ཟབ་ཚད་ལ་ཡིད་འཇོག་བྱ་མ་ལོབས་པས་ཡིན་སྲིད། མཁའ་མཐར་རེག་ཅིང་ཁོད་ཡངས་པའི་རྩྭ་ཐང་གི་བག་ཡངས་དང་སྟབས་བདེ་ཞིང་བག་ལྷོད་པའི་འཚོ་བའི་འདེགས་འཇོག་ལས། ཁྱོད་ལ་འཇིག་རྟེན་གྱི་ཟང་ཟིང་ལང་ལོང་དང་འཚང་ཁ་ཤིག་ཤིག་ལ་དོ་སྣང་བྱ་རྒྱུར་ཚེགས་དཀའ་སྐྱེས་པར་ཡང་ཁག་མི་འདུག ཡིན་ཡང་། དུས་ཀྱིས་བདས་ཤིང་དབང་གིས་དེད་པའི་ཕྱི་སྟོང་ནང་དབུལ་གྱི་ང་ཚོར་མཚོན་ན་མགོ་བོ་རུམ་ལ་བཅུག་ནས་ཡོད་ཚད་ལས་དབང་ལ་བཅོལ་རྗེས་གཉིད་དུ་ཡུར་འདུག་པའི་དུས་ཚོད་ལྷག་མ་ཞིག་གང་ན་ཡོད། གནས་ལུགས་རྫིག་པོ་མང་པོ་ཞིག་ལ་ནི་ཁྱོད་རང་མཉན་མི་སྤྲོ་ལ་ང་རང་བཤད་ཀྱང་མི་མཁས་མོད། གང་ལྟར། གཅེས་ཕྲུག་གི་སློབ་སྦྱོང་གནས་ཚུལ་དང་མ་འོངས་མདུན་ལྗོངས་ཀྱི་ཐད་དུ། འུ་གཉིས་ལ་སེམས་པའི་ནང་དུ་སེམས་པ་བཞག་ནས་བསམ་གཞིག་བྱ་རྒྱུ་དང་ལག་པའི་ནང་ལ་ལག་པ་བཞག་ནས་ཁ་བརྡ་བྱ་རྒྱུ་མང་པོ་ཞིག་ཡོད་ན་འོས།

ངས་ནི་རྩྭ་ཐང་གི་ཉི་འོད་ཀྱིས་བསྐྱངས་པའི་ཁྱོད་ནི"ཁ་ན་ཡི་ཆད་ཀྱི་ངག་ཚིག་མེད་ལ། སྙིང་ན་མྱ་ངན་གྱི་རྗེས་ཤུལ་ཡང་མེད"པའི་ལྷད་མེད་དྭངས་གཙང་། ཞི་དུལ་བག་ཡོད། སྟབས་བདེ་བབ་ཆགས། ཟོལ་མེད་རྣམ་དག་ཅིག་ཡིན་པར་ནམ་ཡང་ཡིད་ཆེས་བྱས་ཡོད། ཡིད་ཆེས་དེ་ཁོ་ནའི་དབང་གིས་ཁྱོད་ཀྱིས་བསམ་བཞིན་མ་ཡིན་པའི་སྒོ་ནས་ང་ཡི་སེམས་པ་བསྣད་སོང་བར་ངས་ཀྱང་འཁང་ར་བྱ་སྲོལ་མེད། དེའི་རྐྱེན་གྱིས། ངས་ནི་ཁྱོད་ལ་སེམས་ཀྱི་སྐད་ཆ་ཚིག་གཅིག་ཅིས་ཀྱང་ཞུ་འདོད་དེ། ཁྱོད་ཀྱི་དོགས་སྣང་དང་གཟོབ་ཉམས་དེས་ཁྱོད་ལའང་ག་ཤེད་ཅིག་ན་ཉེན་འཚུབ་ཀྱི་འདུ་ཤེས་དྲག་པོ་ཞིག་སྐྱེ་ཡི་ཡོད་པ་མཚོན་ནུས་པས་ང་རང་དེ་ལ་ཧ་ལས་པོ་དགའ་བཞིན་ཡོད་མོད། ཁྱོད་ཀྱི་དོགས་པའི་མདུང་ཁ་དེ་ནམ་ཡང་ནང་ཕྱོགས་ཁོ་ནར་འཁོར་ནས་འདུག་པ་དེར་ང་རང་ཅིས་ཀྱང་དངངས་སྐྲག་ཅིག་ཀྱང་ནམ་ཞར་སྐྱེ་ཡི་འདུག

རྩྭ་ཐང་ན་སློབ་མར་སྙིང་མི་ཉེ་བའི་དབྱུག་པ་ཅན་གྱི་དགེ་རྒན་ཞིག་ཕལ་ཆེར་ཡོད་མི་སྲིད་ལ་གངས་ཅན་ཡུལ་ན་ལས་དང་རྒྱུ་འབྲས་མི་བརྩི་བའི་བོད་པ་ཞིག་ཀྱང་ཧ་ལམ་ཡོད་མི་སྲིད་ན། ཁྱོད་ཀྱི་ལྡོག་ཕྱོགས་སུ་འཁོར་བའི་བསམ་བློའི་གཏོང་ཕྱོགས་དག་གིས་ནི། ནམ་ཞིག་འུ་ཅག་རྩྭ་ཐང་སློབ་གསོའི་ཚེ་སྲོག་གི་མྱུ་གུ་ཕྲ་མོར་ཡང་གས་ཁ་གཏོང་མི་སྲིད་གྲང་། དེ་ལྟར་བྱུང་ན་ཁྱོད་དང་ངའི་མི་རབས་ཕྱི་མས་རྒྱལ་ཁ་དང་བདེ་སྐྱིད་ཀྱི་འབྲས་བུ་གང་ལས་འཚོལ་ཨང་། འདི་ནི་ཏག་ཏག“ཕྱི་ཡི་དགྲ་དང་འཐབ་ན་གཅིག་རྒྱལ་ཀུན་འཐོབ་དང་ནང་གི་གྲོགས་དང་བརྩད་ན་གཅིག་ཤོར་ཀུན་ཕུངས”ཞེས་པའི་དཔེ་དང་ཧ་ཅང་འཕྲོད་འདུག་པ་མ་ཡིན་ནམ།

དོན་དམ་པས་བཤད་ན། རྩྭ་ཐང་ནས་སློབ་གསོར་བརྟེན་ནས་མི་སྐྱོང་བ་ལས་རྩྭ་ཆུར་བརྟེན་ནས་ཕྱུགས་འཚོ་རྒྱུ་སླ་ཟེར་བ་དེའང་བདེན་ཤས་ཆེ། རྩྭ་ཐང་གི་དགེ་རྒན་རྣམས་ལ་རྩྭ་ཐང་གི་བྱིས་པ་ཚོ་རྩྭ་ཐང་གི་ཕ་མཐའི་རི་རྩེར་ཁྲིད་ནས་རི་བོ་དང་རྩྭ་ཐང་གི་ཕ་རོལ་གྱི་འཇིག་རྟེན་སྟོན་པའི་ཧམ་སེམས་ཡོད་ངེས། དེའི་དབང་གིས་ཁོ་ཚོའི་དཀའ་སྡུག་ལས་འཛགས་པའི་རྔུལ་ཁྲག་མཐའ་དག་ཀྱང་ཁོ་རང་ཚོ་ཁོ་ནའི་ནང་སེམས་ཀྱི་ཡོལ་གོ་རུ་གོར་གོར་གྱིས་འཁྱིལ་ཡོད་པ་ལས། མིག་ཟུང་གྲིབ་ནག་གིས་གཡོགས་པའི་ང་དང་ཁྱོད་ཀྱི་རིགས། ད་དུང་ཁོ་བོ་དང་ཁོ་མོ་ཚོའི་རིགས་ཀྱིས་གཏན་ནས་མཐོང་མི་སྲིད།

ཁོང་ཚོས་རྩྭ་ཐང་གི་སློབ་གསོའི་ཚེ་སྲོག་ཆེད་ཕུལ་བའི་བློ་ངོར་ཤོང་དཀའ་བའི་སྡུག་ལས་མང་པོ་ཞིག་ངས་དངོས་སུ་མཐོང་བ་མིན་ན། ངའང་ཁ་གཡང་ལྟ་བུའི་བསྟོད་པ་དང་བློ་བཟོ་ལྟ་བུའི་གཏམ་རྒྱུད་དག་ལ་ནམ་ཡང་ཡིད་ཆེས་ཀྱི་མེད། དེར་བརྟེན། ངས་འདི་རུ་རྩྭ་ཐང་གི་དགེ་རྒན་གྱིས་ཤེས་རིག་གི་འོད་སྣང་ལ་བརྟེན་ནས་སློབ་བུའི་མི་ཚེ་ལ་སྙིང་བོ་ག་འདྲ་བསྩལ་ཚུལ་སོགས་ཀྱི་ཐད་ནས་ཚིག་རྒྱན་མང་པོ་འབྲི་རྒྱུར་ངལ་བ་སྐྱེས་སོང་། ཁ་རུ་འཁོར་བའི་ཁ་གཡང་ལས་གཏིང་དུ་ཡིབ་པའི་དོན་དངོས་དག་བཤད་སྙིང་སྐྱེ།

བདེན་ཏེ། རྩྭ་ཐང་གི་དགེ་རྒན་ནི་སློབ་ཁྲིད་གནང་ཚར་རྗེས་འགྱིང་འདུག་གིས་ཇ་ཕོར་ཁོ་ན་ལག་ལ་ཐོགས་པས་ཆོག་པ་ཞིག་ག་ལ་ཡིན། ཞོགས་པར་སློབ་བུ་མལ་ལས་ལངས་རན་དུས། ཁྱོད་ནི་སློབ་བུའི་མལ་ཐུལ་ལྟེབ་མཁན་དང་ལྭ་བ་སྐོན་མཁན་གྱི“ཨ་ཕ”ཡིན། ཉིན་གུང་སློབ་བུས་ཁ་ཟས་ཟ་རན་དུས་ཁྱོད་ནི་སློབ་བུས་ལག་ཆུང་བསྲིངས་ནས་ཇ་ནེ་གཟེད་སའི“ཨ་མ”ཡིན། དགོང་མོར་སློབ་བུ་རྨི་ལམ་དུ་ཆས་རན་དུས་ཁྱོད་ནི་སློབ་བུས་སེམས་པ་ཁེན་ནས་བདེ་བར་གཉིད་ཆོག་པའི“སྲུང་མ”ཡིན། མཚན་གུང་སློབ་བུར་གཅིན་པ་སྦོས་ཡོང་དུས་ཁྱོད་ནི་སློབ་བུས་སྐད་ཤུགས་ཆེ་རུ་འབོད་སའི“བློས་ཐུབ”ཡིན། དེ་རིང་སློབ་བུར་ཆམ་ནད་བྱུང་ན་ཁྱོད“སྨན་པ”ཡིན། སང་ཉིན་སློབ་བུའི་ལྭ་བ་རལ་ན་ཁྱོད“བཟོ་བ”ཡིན། སློབ་བུར་ཤིག་བཏབ་དུས་ཁྱོད་ལ་ཁྱོད་ཀྱི་ཐབས་བཀོད་ཡོད། སློབ་བུའི་སྐྲ་འཛིང་དུས་ཁྱོད་ལ་ཁྱོད་ཀྱི་ལག་རྩལ་ཡོད། སློབ་བུར་ཚིལ་དྲེག་ཆགས་དུས་ཁྱོད་ལ་གཡུག་དང་ལས་ཀ་ཡོད། སློབ་བུའི་འཚོ་བའི་ཉིན་སྲིབ་ན་ཁྱོད་ཀྱིས་རང་ཉིད་བརྗེད་ནས་ཡོད། མདོར་དྲིལ་ན། ཁྱོད་ནི་སློབ་བུ་གྲང་དུས་ཀྱི“ཉི་མ”ཡིན། ལྟོགས་དུས་ཀྱི“རྩམ་པ”ཡིན། ཐ་ན་སློབ་བུར་སྣབས་ལུད་དུས་དང་མིག་ཆུ་ཕྱུང་དུས་ཀྱང་ཁྱོད་ནི་ཏག་ཏག“ཤོག་སྣེ་ཐེར་གཅིག”ཡིན་ཆོག་པས་ཁྱོད་ཀྱིས་རང་ཉིད་ནམ་ཞིག་ལ་ཟགས་ནས་མེད་པར་གྱུར་བའང་ཚོར་མི་སྲིད། སྐབས་དེར། ཨ་ལན་ཡ་ལན་དང་ཁས་ལེན་རྒྱབ་སྐྱོར་གྱིས་སྟོང་བའི་ཁྱོད་ཀྱི་ལྷག་བསམ་དང་བློས་གཏོང་ཐམས་ཅད་ནི་ཧ་ཅང་ཁེར་རྐྱང་གི་ངང་ནས་རྩྭ་ཐང་གི་མཁའ་དབྱིངས་སུ་སིམ་པ་སུ་ཡིས་ཀྱང་མཐོང་མི་སྲིད་ལ་ཚོར་ཡང་མི་སྲིད། དུས་གཏན་དུ།

འདི་དག་ཐམས་ཅད་ངས་འདི་རུ་རེ་རེ་བཞིན་གཏམ་རྒྱུད་ཀྱི་ཚུལ་དུ་བཤད་ན་ཁྱོད་རང་ཡིད་མ་ཆེས་པར་ང་ལ་སྡིགས་མོ་བྱ་སྲིད་ལ། ང་ཡིས་ཀྱང་འདི་དག་ཐམས་ཅད་རེ་རེ་བཞིན་གཏམ་རྒྱུད་དུ་བྲི་དགོས་བྱུང་ན་ཤོག་སྨྱུག་ཟད་རྒྱུ་ཙམ་ལས་གཏམ་རྒྱུད་ཟད་རྒྱུ་མི་སྲིད་པས། ཟུར་ཙམ་དྲངས་ནས་འཐུས་པར་བྱ་རྒྱུ་ལས་ཐབས་ཅི། ངས་འདི་རུ་རྩྭ་ཐང་ཞེས་མིང་ཚིག་སྙིང་ཉེ་བ་ཞིག་བཀོལ་བ་འདིའི་དོན་སྙིང་ངོ་མ་ཡང་མཐར་གཏུགས་ན“གཞི་རིམ”ཞེས་བྱ་བ་དེ་ཡིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས།

རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ང་རང་རྩྭ་ཐང་ལ་དུངས་པ་བླ་ལྷག་ཡོད་པ་བདེན་པ་ཡིན། དེ་བས་ཐེངས་འདིར་རྩྭ་ཐང་གིས་ང་ལ་གནང་བ་་་་་་་་ལྕི་དྲགས། སྐྱུར་དྲགས། དངོས་གནས་སྐྱུར་དྲགས། ལྕི་དྲགས་ཨང་།

འཚོ་བའི་བདེན་པ་དང་བདེ་སྐྱིད་ནི་མཐར་དེད་ན་སེམས་ཀྱིས་དྲོད་མྱོང་ཐུབ་པའི་དུས་སྐད་ཅིག་མ་མང་པོ་ཞིག་བསགས་པ་ལས་གྲུབ་པ་ཞིག་ཡིན་ངེས་སྙམ། ལྷག་དོན་མི་སེམས་གཉོམ་ལ་ཆགས་པའི་དུས་དག་ནི་བདེ་སྐྱིད་འདིའི་རིགས་རྙེད་པའི་གོ་སྐབས་ཡག་ཤོས་དེ་ཡང་ཡིན་ངེས། ཟླ་ངོ་འདི་དག་གི་རིང་ལ་ངས་འཚོ་བའི་སྲུབས་ཀ་དག་ནས་བདེ་སྐྱིད་འདིའི་རིགས་ཀྱི་མངར་ཁ་སེམས་སུ་བཞིབ་ཡོད།

འགྲན་སྡུར་ལས་ཕམ་ཁ་རེག་རྗེས། དགེ་རྒན་ལགས། ཁྱེད་ཚོས་ང་ལ་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཚུལ་གྱི་གནས་ལུགས་བཤད་མ་སོང་། འགྲན་སྡུར་ནི་གཅིག་རྒྱལ་གཅིག་ཕམ་གྱི་རྩེད་མོ་ཞིག་ཡིན་པ་ཆོས་ཉིད་ཡིན་རབས་ཀྱི་སེམས་གསོ་གནང་མ་སོང་། སྐབས་དེར་ངས་ནི་མིའི་ངག་ལ་མ་ཤོང་བའི་བརྩེ་དྲོད་ཀྱི་དབུགས་དབྱུང་ཞིག་ཁྱོད་ཚོའི་འཛུམ་ཀོང་ལས་མཐོང་ཡོད།  

རྐང་བར་རྨས་ཤིག་བྱུང་རྗེས་སྨན་ཁང་དུ་ལྷུང་བའི་དུས་སྐབས་དེ་ནི་ནམ་ཟླ་དབྱར་ལ་ཕྱོགས་པའི་དུས་ཚིགས་ཤིག་ཡིན་མོད། ང་རང་སྨན་ཁང་དུ་ཆས་པའི་ནངས་མོ་དེར་རྫོང་མཁར་དེའི་ནམ་མཁའ་ན་ཁ་བ་ལྷབ་ལྷུབ་ཀྱིས་འཕུར་ཀྱིན་འདུག ཁ་བའི་ཀློང་ནས་མིག་ཟུང་ཡང་འབྱེད་འཛུམ་དཀའ་བའི་སྙིང་ཉེ་ཁྱོད་གཉིས(རྡོ་མ། སྒྲོ་ཡ།)ཀྱིས་མི་ཚོགས་དང་ཁ་བའི་གསེང་ནས་འཐེང་འགྲོས་ཀྱི་ང་རང་རླངས་འཁོར་དུ་བསྐྱལ་རྗེས། མིག་མཐར་འཁྱིལ་བའི་གསང་བ་སེམས་ལ་རུམ་ནས་ང་ལ་མིག་སྐྱེལ་བྱེད་པའི་དུས་དེ་ནི་ངའི་ཟླ་ངོ་འདི་འགའི་རིང་གི་ཆེས་དྲོ་བའི་དུས་སྐབས་ཤིག་ཡིན།

རང་ཚོད་ཀྱིས་ཡོད་ཡོད་ཐམས་ཅད་པོ་སྡུད་གསོག་བྱ་སའི་ཡིག་སྣོད་ཆུང་ངུ་དེ་གར་སོང་རྗེས་མེད་དུ་གྱུར་བས། རེ་ཞིག་བློ་བདེ་བོར་གནས་མ་ཐུབ་པར་ཧ་ཅང་འུ་ཐུག་པའི་གནས་ན་ལུས་པའི་དུས་དེར། དགེ་རྒན་ལགས། ཁྱེད་ཀྱིས་མང་པོ་ལབ་མ་ཡོང་བར་རང་གི་ཡིག་སྣོད་ཕངས་མེད་ང་ལ་གནང་བའི་དུས་དེར་ངས་ནི་བཀའ་དྲིན་ཆེ་ཞེས་པའི་ཡིག་འབྲུ་འདི་གཉིས་ཧ་ཅང་ཡང་བར་བསམ་ནས་སྐད་ཀྱང་ཕྱུང་མ་ཐུབ་པར་ལུས་སོང་།

དངོས་ཡོད་དང་ཕྱིར་དྲན་ནི་ཏག་ཏག་ལྡོག་ནས་འདུག་པ་ཞིག་ཡིན་པ་འདྲ། མ་མཐའ་ཡང་ངའི་ཚོར་བར་དེ་གཉིས་ལྡོག་ཟླ་རྐྱང་རྐྱང་དུ་གནས་འདུག དངོས་ཡོད་འཚོ་བའི་མི་སྡུག་པ་ཐམས་ཅད་ནི་ད་གཟོད་ཕྱིར་དྲན་བྱ་རན་ཡོད་པའི་མཛེས་སྡུག་གི་རི་མོ་རེ་རེར་འགྱུར་ཐུབ། མཁའ་མཐའི་གྲོང་ཚོ་དེ་ཉི་མ་དང་ཉེ་ས་ན་ཡོད་པས་མུན་པར་སྐྲག་མི་དགོས་ཟེར་ན་ལབ་ཏུ་འགྱུར་འགྲོ་སྟེ།མཚན་མོར་གྲོང་ཚོ་དེའི་གློག་འོད་རྟག་བརྟན་མིན་པས་མུན་པ་དང་འཐབ་པའི་གྲ་སྒྲིག་ཅིག་ནམ་ཡང་ཡོད་དགོས། སྐབས་དེར་ངས་དེ་ནི་ཆེས་ཡིད་ཕམ་དགོས་པའི་གནས་ཚུལ་ཞིག་རེད་སྙམ་པ་ལས། མུན་ཁྲོད་ནས་སོ་སོའི་འཛུམ་མདངས་མི་མཐོང་ཡང་དགོད་སྒྲ་ལྷང་ལྷང་ངང་ཕྱེ་ཐུག་སྐོལ་ནས་འཐུང་དུས་ཀྱི་བདེ་སྐྱིད་མྱོང་ཚོར་བྱ་མ་ཐུབ།

ངས་ནི་ད་བར་དུ་རྩྭ་ཐང་ཞེས་པ་གླེང་དུས་ཆུ་མོ་ཤང་ཤང་བཞུར་བ་དང་མེ་ཏོག་ཆལ་ཆིལ་བཞད་པ་ཞིག་ཞེ་ལ་བསྒོམ་ཡོད། ཡིན་ཡང་ངའི་མཁའ་མཐའི་གྲོང་ཚོ་དང་རྩྭ་ཐང་གི་སློབ་ཆུང་གི་ཉེ་གམ་ན་མཛད་མཐའ་མེད་པའི་ཆུ་བོ་དྭངས་མོ་ཞིག་གཏན་ནས་མེད། ངས་མགོ་རྐང་གི་ཚི་དྲི་མི་བཟོད་དུས་དང་ལུས་སྟེང་གི་ས་རྡུལ་མི་ཐེག་དུས་དག་ལ་གྲོང་ཁྱེར་གྱི་གྱང་ངོས་སུ་སྦྱར་བའི་ཆུ་དང་འབྲེལ་བའི་སྐད་ཆ་དེ་དག་ཀྱང་འཇིགས་སྐུལ་བྱེད་ཙམ་མིན་པ་ཚོར་ཡོང་བ་འདྲ། གང་ལྟར་གནས་དེ་རུ་དྭངས་གཙང་གི་བཏུང་ཆུ་ཞིག་དང་། ལག་འཐོག་མི་དགོས་པའི་བཀྲུ་ཆུ་ཞིག་ནི་དངོས་གནས་དཀའ་མོ་ནང་གི་དཀོན་མོ་ཞིག་ཏུ་ཆགས་འདུག

སློབ་གྲོགས་ཤིག་གིས་དངོས་སྦྱོང་གི་འཚོ་བ་ལས་དོན་སྙིང་ཅན་ཞིག་གམ་རང་ལ་བག་ཆགས་ཟབ་མོ་བཟོས་པའི་དོན་ཞིག་གླེང་དགོས་ན། བྱིས་པ་ཚོ་དང་མཉམ་དུ་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བའི་དུས་དེ་རེད་འདུག་ཅེས་བཤད་མྱོང་། ཧ་ཅང་ཡིད་ཕངས་པ་ཞིག་ལ་ངས་ནི་ཏག་ཏག་བྱིས་པ་ཚོ་དང་མཉམ་དུ་ཁོ་ཚོའི་དུས་སྟོན་རོལ་མ་ཐུབ། འདི་ནི་སེམས་ཀྱི་དཀྱིལ་ན་ལུས་པའི་སྟོང་ཆ་ཆེན་པོ་ཞིག་རེད། སྨན་ཁང་དུ་ངས་བྱིས་པ་ཚོར་སྙན་ཚིག་ཡིན་ཁུལ་གྱི་སེམས་གཏམ་དམ་དུམ་ཞིག་གི་ཁ་གཡང་བྲིས་ནས་འབུལ་རྒྱུར་ཚོད་ལྟ་ཐེངས་འགར་བྱས་མོད། མཇུག་མཐར་ལམ་ལྷོངས་བྱུང་མ་སོང་།

ད་དུང་། ངས་ཟླ་བ་བཞི་ཡི་དུས་ཡུན་ནི་ཤིན་ཏུ་རིང་བོ་ཞིག་ཡིན་སྙམ་གྱིས་འཆར་གཞི་དང་རྨི་ལམ་མང་དུ་རྨིས་པ་ཡིན། དེ་དག་ཐམས་ཅད་ལས་ཀྱང་མངོན་འགྱུར་བྱ་མ་ཐུབ་པར་རུལ་བར་གྱུར་པ་ནི་འདི་ཉིད་ཁོ་ནས་ག་ལ་ཚད། སློབ་བུ་ཚོའི་སློབ་སྦྱོང་གི་འཚོ་བར་ཕན་པའི་བྱ་འགུལ་ཆུང་ཆུང་ཞིག་ཀྱང་འཆར་གཞི་སྟོང་བ་འཐེན་འཐེན་མཐར་ཚོགས་འདུ་དང་ཞིབ་བཤེར་མང་པོའི་བར་ནས་སྤེལ་མ་ཐུབ་པར་གཏན་དུ་ལུས་སོང་།

རྨི་ལམ་གྱི་ལྷག་རོ་འདི་དག་ནི་རང་སེམས་ཀྱི་ལོགས་སུ་ཉར་རྒྱུ་ལས་རྩྭ་ཐང་གི་ནམ་མཁར་གཏོར་ས་མེད།

བར་སྐབས་ཤིག་ལ་ངས་མཉམ་བཞག་དུས་ཟླ་ངོ་བཞི་ག་མར་མེའི་སྣུམ་བཞིན་དུ་ཟད་ནས་གནས་དེར་ཁ་གྱེས་རན་འདུག ང་འདི་མ་གཞི་ནས་གང་དང་ཅི་ལ་ཡང་ཐོག་མར་འཕྲད་པ་དང་དེ་ནས་འདྲིས་པ། མཇུག་མཐར་གྱེས་པའི་གོ་རིམ་གསུམ་ལས་ཏག་ཏག་ཕྱི་མའི་གོ་རིམ་ལ་ཚོར་བ་སྐྱེན། གོ་རིམ་འདིར་ཐོན་དུས་ད་གཟོད་ངས་གོ་རིམ་དང་པོ་དང་གཉིས་པའི་སྐབས་མྱང་འོས་པའི་ཚོར་བ་མང་པོ་ཞིག་དངོས་སུ་མྱོང་ཐུབ་ཀྱིན་ཡོད། དེ་བས་ངའི་སེམས་པས་ནམ་ཡང་དུས་ཚོད་དང་དངོས་ཡོད་ཀྱི་རྗེས་གཏན་ནས་མི་ཆོད། ཡིན་ཡང་འཚོ་བའི་དུས་རིམ་དུམ་བུ་ཞིག་གི་མཇུག་ཏུ་བསླེབས་ཚར་དུས་དྲན་པ་ཁོ་ནས་ཁ་ཕྱིར་འཁོར་ནས་མིག་ཞགས་ཐེངས་ཤིག་འཕང་ཆོག་པ་ལས་དུས་ཚོད་ལ་ཕྱིར་འཁོར་གང་ན་ཡོད།

ངས་ནི་དུས་ཚོད་ཀྱི་མདའ་སྣེ་ལས་གཡོལ་བའི་ཐབས་ཤིག་མ་རྙེད། ཁྱོད་ཚོས་དབྱར་གནང་གི་བདེ་སྐྱིད་འཚོ་བར་འགོ་བརྩམས་སོང་། བརྩོན་པ་ལ་སྨིན་པའི་འབྲས་རྟགས་བསྣམས་ནས་ཕ་མ་ལ་བརྩེ་བའི་མིག་ཟུང་གཏད་ནས། ཁྱོད་རང་བུད་སོང་།

ཁྱོད་འགྲོ་ཁར། ངའི་མདུན་ནས་གྲལ་དུ་མ་བསྒྲིགས་ན་ཡིན། སྐད་སིང་སིང་བདེ་མོ་མ་བཞག་ན་འགྲིག

ལག་གཡུགས་གཡུགས་སླར་མཇལ་མ་ཞུས་ན་འོས། མིན་ན། ངས་མཆི་མ་མགྲིན་པ་ནས་བསྒགས་ཏེ་མཐའ་མཇུག་གི་རང་གི་རྫིག་ཉམས་འཆོར་དུ་འཇུག་མི་སྲིད། ངས་ནང་སེམས་རིལ་རིལ་དུ་བསྡམས་ནས་མཇུག་མཐའི་འཛུམ་དགོད་ཙམ་ཁྱོད་ཚོ་ལ་སྟོན་ཐུབ་ངེས་་་་་་་་

ཅི་ཞིག་གི་སྟོང་ཆ་མང་མང་ཞིག་ལྷག་འདུག་པ་ལྟ་བུའི་ས་སྲོད་དེར། རྩེ་མོར་སྨུག་པ་ལང་ལོང་ཞིག་གི་དབུ་རྒྱན་སྤྲས་པའི་རི་ཤོད་ཀྱི་སྦྲ་ཁྱིམ་དེ་རུ། ཁྱེད་ཚོས་མེ་ལྕེ་ལྷེམ་ལྷེམ་འགུལ་བའི་སྒྱེད་པུའི་མཐའ་བསྐོར་ནས། སྐྱེལ་སྐྱེམས་ལྟེམ་ལྟེམ་འཁྱིལ་བའི་པུ་ཙེ་ཡར་བཏེགས་ནས། ཆར་བ་ཟམ་ཟིམ་ཞིག་གི་སྨྲེང་སྒྲ་དང་ལྷན་དུ་སྨོན་འདུན་གྱི་གླུ་སྐད་ཟ་ཟི་རེ་སེམས་ཀྱི་གདངས་ལ་བརྒྱུས་ནས་ང་ཡི་སྙིང་རྩ་རུ་དཀྲིས་པ་ནི། ངས་མི་ཚེའི་གླེགས་བམ་ནང་གི་ཆེས་སྙིང་དུ་སྡུག་པའི་ཐ་སྙད་འགའ་སྤྱད་ནས་མཚོན་ནུས་ན་འོས།

རླངས་འཁོར་མགྱོགས་མྱུར་གྱིས་ཡོད་ཚད་རྒྱབ་ནས་རྒྱབ་ཕྱོགས་སུ་གཡུགས་ཏེ་ཅི་ཞིག་གི་རྗེས་སྙེག་པ་ལྟར་བྲེལ་སྟབས་ཀྱིས་རྒྱུགས་པའི་ཚུགས་ཀ་ནི་ཞགས་པས་མི་ཟིན་པའི་ལོ་ཟླའི་འགྲོ་སྟངས་དང་ཇི་འདྲའི་མཚུངས་ཨང་། ལོ་ཟླའི་གྲིབ་རིས་ལ་སིམ་པའི་རི་མོ་དག་ནི་མིག་མདུན་གྱི་ཡུལ་ལྗོངས་དང་འདྲ་བར་ང་ཡི་མིག་ཁ་བརྒྱུད་ནས་སོང་བ་བདེན་མོད། ངས་ནི་སེམས་པ་རྣལ་དུ་ཕབ་ནས་ཞིབ་ལྟ་ཞིག་དང་མྱོང་རོལ་ཅིག་ཀྱང་བྱ་ལོངས་མ་ཡོད་པར་འཕུར་སོང་བའི་དོན་དངོས་འདིར་སུན་པ་ལ། ཡིན་ཡང་། ལོ་ཟླ་ལགས། ངའི་དྲན་པའི་རི་ཚོགས་ལ་བབས་པའི་མཛེས་སྡུག་གི་རི་མོ་དག་ལ་ཁྱོད་ཀྱིས་ཅིས་ཀྱང་སྙིང་རྗེ་བསྒོམ་དགོས། ངའི་དྲན་ཤེས་ཀྱི་འོ་མཚོར་འཁྲུངས་པའི་ཕྱིར་དྲན་གྱི་མེ་ཏོག་དག་ལ་ནམ་ཡང་གཅེས་སྲུང་གནང་དགོས།

འགྲུལ་ལམ་གྱི་མཐའ་སྣེ་ནི་ཡིད་ཀྱི་དཔོག་ཚོད་ཀྱིས་ཟིན་པ་ཞིག་གཞར་ཡང་ཡིན་མི་སྲིད། དེ་བས། སེམས་ཀྱི་རབ་རིབ་དང་གསལ་ཆ་ཐམས་ཅད་ཡི་གེར་ཕབ་རྒྱུ་ཡང་ས་སྟེང་འདིའི་ཡིག་འབྲུ་ཚོས་འདང་བ་ཞིག་ག་ལ་ཡིན། དེས་ན་བར་སྐབས་འདི་ནི་འབྲི་མཚམས་བཞག་སྟེ་ཉོབ་མདངས་ཆགས་པའི་མིག་ཟུང་ག་ལེར་བཙུམ་པའི་དུས་སྐབས་ཡག་ཤོས་དེ་ཡིན་སྲིད།

འདུག་སྟེགས་སུ་བསྡད་དེ་རྣ་བར་ཉན་སྐུད་འཛུགས་དུས་ནི་ངས་རང་གི་དྲན་འཆར་གྱི་སྒོ་མོ་ཡངས་པོར་ཕྱེས་ཏེ་རྟོག་འཆར་གྱི་སྣང་བ་རང་སར་སྤུར་བའི་དུས་ལ་བབས་པ་ཡིན། སྐབས་འདིར་ངས་ཁ་རོག་གེར་རང་སེམས་སུ་ཡུན་རིང་ཉར་ཀྱང་དོན་འཁྱོལ་མ་ཡོང་བར་རིང་དུ་ལུས་པའི་རྨི་ལམ་མམ་འཆར་གཞི་ལྷག་རོ་དག་ལ་བྱིལ་བྱིལ་ཡང་ཡང་བྱས་ནས་རང་སེམས་ལྷོད་ལ་བསྐུར་ཆོག་ལ། གལ་སྲིད་དང་ཅི་མ་རུང་སོགས་ཀྱི་ཡིག་འབྲུ་གཅིག་ཀྱང་མ་བཀོལ་བར་ཡིད་འོང་གི་གཏམ་རྒྱུད་སྙན་མོ་ཞིག་རང་ཉིད་ཀྱི་རྣམ་ཤེས་ལ་ལབ་ཆོག མིག་ཟུང་བཙུམ་ཀྱང་ཉི་ནུབ་ཀྱི་མཛེས་པ་ཁོ་ནས་སྔར་བཞིན་ནང་སེམས་ཀྱི་རྨི་ལམ་སྲུང་ཡོད་པར་ཡིད་ཆེས་གནང་ཆོག སྐབས་འདི་དུས་ད་གཟོད་ང་ནི་འཇིག་རྟེན་གྱི་ཆེས་སྙན་པའི་རོལ་དབྱངས་ཤིག་ལ་སིམ་ཆོག་ལ། སིམ་ནས་ཀྱང་ཡུན་རིང་འགོར་ཆོག་གོ །

༢༠༡༨ལོའི་ཟླ༧པའི་ཚེས༨ཉིན་འདབ་དྲུག་གིས་ཕྱིར་ཟི་ལིང་དུ་བསྐྱོད་པའི་ལམ་ཁར་རྫོགས་པར་བྲིས།
༢༠༢༠ལོའིཟླ༣པའི་ཚེས༡༨ཉིན་བཟོ་བཅོས་ཐེངས་གཅིག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号