གེ་སར་རྒྱལ་པོའི་སྒྲུང་རྟའི་གཏེར་མཛོད།

ཉེ་ཆར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལས་གཞི་ཆེན་མོའི(གེ་སར)རྣམ་གྲངས་དཔེ་ཚོགས་ལས«གེ་སར་རྒྱལ་པོའི་སྒྲུང་རྟའི་གཏེར་མཛོད»(སྟོད་སྨད)ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

«སྒྲུང་རྟའི་གཏེར་མཛོད»ཀྱི་ནང་དོན་ལ་ལེའུ་ཆེན་མོ་གསུམ་གྱིས་གྲུབ་ཅིང་། ལེའུ་དང་པོ་ནི་སྒྲུང་རྟའི་མིང་དང་སྒྲུང་རྟའི་སྐོར་ཡིན་ལ། དེ་ལ་ལྷ་དང་སྲུང་མའི་སྐོར་གྱི་སྒྲུང་རྟ། གླིང་གི་མི་སྣའི་སྐོར་གྱི་སྒྲུང་རྟ། རང་ཕྱོགས་མི་སྣའི་སྐོར་གྱི་སྒྲུང་རྟ། གཞན་ཕྱོགས་མི་སྣའི་སྐོར་གྱི་སྒྲུང་རྟ། སྲོག་ཆགས་དང་གཞན་དག་སྐོར་གྱི་སྒྲུང་རྟ། རྒྱལ་ཁབ་དང་མི་རིགས་གཞན་སྐོར་གྱི་སྒྲུང་རྟ་བཅས་ཏེ་རྣམ་པ་དྲུག་ཏུ་འདུས། སྒྲུང་རྟའི་མིང་དང་སྒྲུང་རྟ་གྱེར་མཁན་གྱི་ཁོངས་གཏོགས་ཀྱི་རྒྱལ་ཁབ། དེ་དག་གི་ཐོབ་ཐང་མི་འདྲ་བར་རྒྱུས་ལོན་བྱེད་བདེ་བའི་ཆེད་དུ། གཙོ་སྒྲིག་པས«སྒྲུང་རྟའི་གཏེར་མཛོད»ཁྲོད་ཀྱི་སྒྲུང་རྟ་དང་མི་སྣ་སོགས་མི་སྒེར་རེ་རེ་བཞིན་འགྲེལ་བཤད་བྱས་ཏེ། «སྒྲུང་རྟའི་གཏེར་མཛོད»འདིའི་ཟབ་ཚད་སྔར་ལས་ཇེ་མཐུག་ཏུ་བཏང་ཡོད། ལེའུ་གཉིས་པ་ནི«གླིང་སྒྲུང་ཟློས་གར——དཔའ་བོའི་སྙན་རྩོམ་སྔོན་འགྲོའི་བསྡུས་སྒྲུང་ལེའུ་བརྒྱད»ཡིན་ཞིང་། དེའི་ནང་དོན་ལ་ལྷ་གླིང་། འཁྲུངས་གླིང་། རྟ་རྒྱུག་རྒྱལ་འཇོག བདུད་གླིང་། ཧོར་གླིང་། འཇང་གླིང་། མོན་གླིང་། སྟག་གླིང་བཅས་དོན་ཚན་བརྒྱད་ཀྱིས་གྲུབ་ཅིང་། ཏན་ཏིག་གིས་གེ་སར་སྒྲུང་གི་གཞི་གདན་བརྩམས་ཆོས་ཀྱི་ནང་དོན་སྒྲིག་གཞི་རྨང་གཞིར་བྱས་ཐོག འཁྲབ་གཞུང་གི་རྩོམ་ལུས་རྣམ་པས་གནད་དུ་བསྡུས་ཏེ་བྲིས་ཡོད། འདི་ལྟར་བྲིས་པའི་དམིགས་ཡུལ་ནི། འཁྲབ་གཞུང་གི་རྣམ་པ་བརྒྱུད་དེ་གླིང་སྒྲུང་ཁྲོད་ཀྱི་རང་གཞན་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་འདོ་རིགས་རྟ་ཕོ། འདབ་ཆགས་བྱ་སོགས་འབྲེལ་ཡོད་ཀྱི་དངོས་པོ་བྱེ་བྲག༣༩ཡི་སྒྲུང་རྟ་སྙན་མོས་སྒྲུང་གི་ནང་དོན་སྦྲེལ་ཞིང་། སྒྲུང་རྟ་སྙན་མོ་འདི་དག་ནི་གླིང་སྒྲུང་དར་ཁྱབ་ཆེ་སའི་མདོ་དབུས་ཁམས་གསུམ་གྱི་བབ་སྒྲུང་པ།འདོན་སྒྲུང་པ། གཏེར་སྒྲུང་པས་གྱེར་ལེན་བྱས་པའི་སྒྲུང་རྟ་སྟོང་ཕྲག་ལྷག་ལས་ལེགས་བདམས་ཉིང་བཏུས་བྱས་པ་ཡིན་ཞིང་། མདོ་དབུས་ཁམས་གསུམ་གྱི་ཁུལ་རིམ་པ་ཡན་གྱི་གེ་སར་སྒྲུང་པའི་མིང་རྟགས་བཞེས་པའི་མི་སྣ༢༨གདན་འདྲེན་ཞུས་ཏེ། འཁྲབ་གཞུང་དང་རོལ་དབྱངས་ཟུང་གིས་གྲུབ་པའི«སྒྲུང་རྟའི་གཏེར་མཛོད»འདི་རྒྱ་ཆེ་བའི་ཀློག་པ་པོ་དང་ཉན་པ་པོའི་སྤྱན་སྔར་དུ་ཕུལ་བ་ཡིན། ལེའུ་གསུམ་པར«གེ་སར»དང་འབྲེལ་བའི་སྒྲུང་པ་དང་ཤེས་ཡོན་པའི་མཚམས་སྦྱོར་གནད་བསྡུས་ཀྱི་སྐོར་ཡིན།

གཙོ་སྒྲིག་པས«སྒྲུང་རྟའི་གཏེར་མཛོད»རྩོམ་སྒྲིག་གི་གོ་རིམ་ཁྲོད་དུ། སྒྲུང་པ་དང་གེ་སར་སྨྲ་བའི་རྒན་མང་པོ་ཞིག་མཇལ་འཕྲད་ཞུས་མྱོང་ཞིང་། གེ་སར་སྒྲུང་དེབ་སྐོར་གྱི་དཔེ་ཆ་དང་སྒྲུང་རྟ་འབོར་ཆེན་ཀློག་འདོན་བྱས་ཏེ། སྒྲུང་རྟའི་མིང་དང་སྒྲུང་རྟ་མང་པོ་ཞིག་གསར་རྙེད་ཐོབ། དཔེར་ན། མཚོ་སྔོན་ཞིང་ཆེན«གེ་སར»སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་བརྒྱུད་དེ། སྒྲུང་པ་གྲགས་ཅན་སྐལ་བཟང་གྲགས་པའི(ཀན་སུའུ་ཀན་ལྷོ་བསང་ཆུ་རྫོང་གི་མི)སྒྲུང་རྟ༡༨དང་། འདས་པོ་སྒྲུང་པ་གྲགགས་ཅན་ཚེ་རིང་དབང་འདུས(བོད་ལྗོངས་ནག་ཆུའི་ཨ་མདོ་རྫོང་གི་མི)ཀྱི་སྒྲུང་རྟ༦༨གྱི་དབྱངས་རླབས་རྒྱུ་ཆ་ཐོབ། མཚོ་སྔོན་མགོ་ལོག་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱི་འབྲེལ་བ་བརྒྱུད་དེ་གཏེར་སྒྲུང་པ་བསྟན་འཛིན་གྲགས་པའི་སྒྲུང་རྟ༤༠དང་མཚོ་སྐྱེད་རྡོ་རྗེའི་སྒྲུང་རྟ༣༣། འདས་པོ་སྒྲུང་པ་གྲགས་ཅན་ངག་དབང་རིག་འཛིན(མགོ་ལོག་ཁུལ་དགའ་སྡེ་རྫོང་གི་མི)དང་གུ་རུ་རྒྱལ་མཚན(མགོ་ལོག་ཁུལ་དགའ་སྡེ་རྫོང་གི་མི)གཉིས་ཀྱི་སྒྲུང་རྟ༧༡ལག་ཏུ་སོན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཁང་བརྒྱུད་དེ་འདས་པོ་སྒྲུང་པ་གྲགས་ཅན་གྲགས་པ(བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྤེན་པ་རྫོང་གི་མི)དང་བསམ་འགྲུབ(བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་གི་མི)གཉིས་ཀྱི་སྒྲུང་རྟ༡༦ཐོབ། དེ་མིན་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྒྱལ་ཁབ་རིམ་པའི་འདོན་སྒྲུང་པ་པདྨ་ཡེ་ཤེས་དང་ཨ་ཉིད་གཉིས་ཀྱི་སྐུ་མདུན་ནས་སྒྲུང་རྟ༨༥དང་། ཡུལ་ཤུལ་ཁུལ་སྒྲུང་པ་གྲགས་ཅན་ཐག་གའི་ཟླ་བ་གྲགས་པ། འདན་མ་འཇམ་དབྱངས་ཚུལ་ཁྲིམས་དང་། ཀརྨ་ཚོགས་གཉིས། ངག་དབང་དགེ་ལེགས་སོགས་ཀྱི་སྐུ་མདུན་ནས་སྒྲུང་རྟ༡༦༠ལྷག་ལག་ཏུ་སོན་བྱུང་། དེ་བས་སྒྲུང་པ་དང་ཤེས་ཡོན་པ་དག་གི་སྐུ་མདུན་ནས་ཐོབ་པའི་སྒྲུང་རྟའི་གྲངས་དང་ཁོང་རྣམ་པའི་རྣམ་ཐར་ཉིང་བསྡུས་ཙམ་རེ་བཀོད་དེ། དམ་པའི་བཀའ་དྲིན་རྗེས་སུ་དྲན་པར་ལེའུ་གཅིག་གིས་གྲུབ་པར་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号