དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ་གྱི་དེབ་གསར་འོས་སྦྱོར།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་རིག་གཞུང་གླིང་གཙོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ་མཆོག་གིས་བརྩམས་གནང་མཛད་པའི«བྱ་མདོ་ཀླུ་བྱམས་རྒྱལ་གྱི་ཆེད་རྩོམ་དང་དཔྱད་བརྗོད་ཕྱོགས་བསྒྲིགས།»(Collected Medical Essays by Lhusham Gyal)ཅེས་པ་འདི་ནི་ཉེ་བའི་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བགྱིས་པ་ཡིན།

དེབ་འདིར་དགེ་རྒན་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་རྩ་བའི་གཞུང་དོན་དང་སྨན་དཔྱད་ཡིག་ཚང་། མི་སྣའི་ལོ་རྒྱུས། རྒྱུད་དོན་དབྱེ་ཞིབ། ནད་ཐོག་ལག་ལེན་སོགས་ལ་སྦྱར་བའི་ཆེད་རྩོམ་དང་། གཞན་གྱི་ཆེད་དེབ་ལ་ཕུལ་བའི་དཔྱད་བརྗོད་སོགས་རྩོམ་རིགས་ཉི་ཤུ་ལྷག་བསྡུས་ཡོད་པར། བོད་ཀྱི་གསོ་རིག་གི་རིག་གཞུང་ཞིབ་འཇུག་དང་། གསོ་རིག་སློབ་གསོ། ནད་བརྟག་སྨན་བཅོས་བཅས་ལ་མཛུབ་ཁྲིད་དུ་གྱུར་པ་ཤ་སྟག་ཡིན་པར་མ་ཟད། བརྩམས་ཆོས་འདིར་འཁོད་པའི་ཆེད་རྩོམ་དང་དཔྱད་བརྗོད་མང་ཤོས་ཤིག་ནི་སྔར་ཡང་འབྲེལ་ཡོད་རིག་གཞུང་དུས་དེབ་དང་དཔེ་སྐྲུན་ཁང་དུ་མས་སྤེལ་ཟིན་པའི་སྐོར་ཡིན་མོད། འགའ་ཤས་ནི་རེབ་འདིར་ཐེངས་དང་པོར་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ལགས་ཏེ། དཔེར་ན་ལུགས་སྡེ་མི་འདྲ་བའི་ལོ་རྒྱུས་ཀྱི་སྲད་བུར་བརྒྱུས་པའི་བོད་ཀྱི་གསོ་རིག་ཡིག་རྙིང་ཞེས་པ་འདིར་མཚོན་ན། དགེ་རྒན་ཁོང་གིས་གསོ་རིག་ཁོག་འབུབས་ཁག་གི་བརྗོད་བྱ་རྣམས་གུང་བསྒྲིགས་ཐོག་ལུང་གི་བཤད་པ་གཙོ་བོར་བྱས་ཤིང་། ལུགས་སྡེ་རྣམས་ཀྱི་རྩ་བའི་ཁྱད་ཆོས་སྟོན་ཐུབ་པའི་གཞུང་རྙིང་པ་དག་དཔེ་མང་འཚོལ་བའི་ངལ་བ་བརྟེན་མི་དགོས་པར། གདན་ཐོག་གཅིག་ནས་རྟོགས་ཐུབ་པར་བགྱིས་ཡོད་པས་གསོ་བ་རིག་པའི་ལོ་རྒྱུས་ཞིབ་འཇུག་གི་མཐོང་སྣེ་གསར་བ་ཞིག་ཕྱེས་ཡོད་པར་མ་ཟད། བོད་ཀྱི་གསོ་རིག་གི་ཡིག་ཆ་རྙིང་པ་ཕལ་ཆེ་བའི་ཁོག་ཕུབ་ཏུའང་འགྲོ་བ་ཡིན་པས་རིན་ཐང་ལྷག་པར་ཆེ།

དེ་མིན་བརྩམས་ཆོས་འདི་ནི་ཕྱི་ལོ༢༠༠༧ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས«བྱ་མདོ་ཀླུ་བྱམས་རྒྱལ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས»ཞེས་པ་དཔར་དུ་བསྐྲུན་རྗེས་སུ། སླར་ཡང་དགེ་རྒན་ཁོང་གིས་མི་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ་གསར་དུ་གང་བརྩམས་པའི་དཔྱད་རྩོམ་རྣམས་དཀྱུས་གཅིག་ཏུ་ལེགས་བསྒྲིགས་མཛད་དེ། རིག་གཞུང་དང་ནད་ཐོག་སོགས་གསོ་དཔྱད་སྨྲ་བའི་སྡེ་སྤྱི་ལ་ཕུལ་བའི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཏུ་མཐོང་ཆོག་པ་ཡིན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号