ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུའུ་དང་རྫོང་རིག་གནས་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ས་ཁུལ་གྱི་སྒྲ་སྙན་རིག་པའི་དཔེ་དེབ་ཐོག་མ《གངས་ཅན་དགའ་བའི་སྒྲ་སྙན》གྱི་འགྲེལ་སྤེལ་འཚོགས་འདུ་ཐེམ་ཆེན་རྫོང་དུ་སྤེལ།

ཚོགས་འདུའི་སྟེང་རྫོང་རིག་གནས་ཡུལ་སྐོར་ཅུའུ་དང་འབྲེལ་ཡོད་ཀྱི་ལས་བྱེད་མི་སྣ། རྩོམ་པ་པོ་དང་ས་གནས་ཀྱི་གླུ་བ་གླུ་མ་སོགས་མི་བཞི་བཅུ་ལྷག་འཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་ཀྲུའུ་རིན་ཀྲང་ཧྲིན་ལེན་གྱིས་མགོ་འཛིན་གནང་ཞིང་འབྲེལ་ཡོད་མི་སྣ་དག་གིས་དཔེ་དེབ་དང་འབྲེལ་བའི་ཁ་བརྡ་གནང་།  མཇུག་མཐར《གངས་ཅན་དགའ་བའི་སྒྲ་སྙན》གྱི་རྩོམ་པ་པོ་དབྱངས་ཀྱི་ང་རོའམ་སྟག་སེང་ཐར་གྱིས་དཔེ་དེབ་རྩོམ་སྒྲིག་དང་དེང་རབས་རོལ་དབྱངས་སྐོར་ནས་ཁོ་རང་ཉིད་ཀྱི་བསམ་ཚུལ་མང་པོ་གླེང་།

དབྱངས་ཀྱི་ང་རོའམ་སྟག་སེང་ཐར་ནི་ཐེམ་ཆེན་རྫོང་ནས་འཚར་ལོངས་བྱུང་ཞིང་། དགེ་རྒན་གྱི་ལས་རྐང་ནས་མི་ལོ་བཅུ་ཕྲག་གཅིག་རིང་ལ་མི་རིགས་སློབ་གསོའི་བྱ་བར་འབད་འབུངས་བྱས་པའི་ཞོར་དུ་ཨ་མདོའི་རྡུང་ལེན་རིག་གནས་སྐོར་གྱི་རྒྱུ་ཆ་འཚོལ་སྡུད་དང་དག་སྒྲིག ཞིབ་འཇུག་བཅས་ཀྱི་ལས་ཀར་འབད་པ་ཧུར་ལེན་བྱས་སྟབས། ཉེ་སྔོན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་མཚོ་སྔོན་ས་ཁུལ་གྱི་སྒྲ་སྙན་རིག་པའི་དཔེ་དེབ་ཐོག་མ་སྟེ《གངས་ཅན་དགའ་བའི་སྒྲ་སྙན》དཔར་སྐྲུན་ལེགས་པར་གྲུབ་ནས་རྡུང་ལེན་སྒྱུ་རྩལ་ལ་མོས་པ་དག་གི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་།  འདི་ལས་རྩོམ་པ་པོས་མི་ལོ་དུ་མའི་ངལ་གྱི་རྩོལ་བ་མཐོང་ཐུབ་པར་མ་ཟད་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་ལྷག་དཀར་ཡང་མཚོན་ཐུབ་པ་རེད། 

དེབ་འདི་ལེའུ་བདུན་དུ་ཕྱེས་ཡོད་དེ། ལེའུ་དང་པོ། བོད་ཀྱི་སྲོལ་རྒྱུན་རོལ་མོའི་གཞུང་ལུགས་དང་། ལེའུ་གཉིས་པ། སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་སྤྱི་བཤད། ལེའུ་གསུམ་པ། དཀྲོལ་གཏོང་དབྱངས་ཀྱི་རྩེད་འཇོ། ལེའུ་བཞི་པ། སྟབས་བདེ་དབྱངས་ཡིག་ལ་འཇུག་ཚུལ། ལེའུ་ལྔ་པ། གླུ་ལ་འཇུག་པའི་སྒོ ལེའུ་དྲུག་པ། གསེར་གྱི་རྒྱུད་སྐུད། ལེའུ་བདུན་པ། བོད་རྒྱ་མིང་ཚིག་ཤན་སྦྱར་བཅས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号