«སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་འབུམ»

ཉེ་ལམ་ཀརྨ་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་གནང་ཞིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བགྱིས་པའི«སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་འབུམ»པོད༡༤ཡི་བདག་ཉིད་ཅན་གང་དེ། རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་སྤྱན་སྔར་འགྲེམ་པའི་སྐལ་བཟང་མངོན་དུ་གྱུར་ཡོད། ཀུན་གྱིས་མཁྱེན་གསལ་ལྟར༢༠༡༤ལོར་གསུང་འབུམ་འདིའི་པར་གཞི་དང་པོ་དང་པར་ཐེངས་དང་པོ་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་བསྒྲིགས་ཤིང་བཀྲམ་པ་ཡིན་ལ། འདི་ཉིད་དོན་གཉེར་ཅན་མང་པོའི་ཐོས་བསམ་སློབ་གཉེར་དང་རིག་གནས་ཉམས་ཞིབ་གནང་ཡུལ་གྱི་གསུང་འབུམ་གལ་ཆེན་ཞིག་ཏུ་གྱུར་པ་དང་། གཞན་གསུང་འབུམ་འདིའི་པར་གཞི་སྔོན་མའི་དཔེ་རྒྱུན་ཆད་ལ་ཉེ་བ་བཅས་ལ་དམིགས་ནས། མི་ལོ་བཅུའི་རྗེས་ཀྱི་ད་རེབ་ཆེད་དུ་སྔར་གྱི་ནང་དོན་སོར་འཇོག་ཐོག་རྒྱབ་ཤོག་གསར་བསྒྱུར་དང་། ནོར་བ་ཡོ་བསྲང་བྱས་ཏེ་བསྐྱར་པར་འགྲེམ་སྤེལ་བྱས་ཡོད།

སི་ཏུ་ཆོས་ཀྱི་འབྱུང་གནས། མཚན་གཞན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་སྟེ། རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་ཏེ་སྤྱི་ལོ༡༦༩༩ལོར་མདོ་ཁམས་སྡེ་དགེའི་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རི་སྒང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་སྟེ་སྤྱི་ལོ༡༧༧༤ལོར་ཆིང་གོང་མའི་བཀའ་མངགས་གདན་ཞུས་ལྟར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་དཀར་མཛེས་སུ་སྐུ་གཤེགས། དགུང་ལོ་བདུན་པ་ནས་བཟུང་སློབ་དཔོན་དུ་མ་བསྟེན་ནས་རྒྱུད་སྡེ་བཞི་དང་། སྡེ་སྣོད་གསུམ། སྒྲ་ཚད་བཟོ་གསོ་སོགས་དཔྱིས་ཕྱིན་པར་སྦྱངས་ནས། བོད་ཙམ་དུ་མ་ཟད། རྒྱ་བལ་ཧོར་སོག་གི་ཡུལ་དུ་ཏཱའི་སི་ཏུ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཞེས་མཚན་སྙན་པ་ཕྱོགས་སུ་ཁྱབ་པར་གྱུར། གསུང་རྩོམ་ཡང་། ཀ་ལཱ་ཙནྡྲ་འཆི་མེད་མཛོད་གཞུང་དང་། །གཞུང་འགྲེལ་ཆ་ལག་སུམ་རྟགས་སྙན་དངགས་ཀྱི། །འགྱུར་བཅོས་བཅས་ཏེ་པོ་ཏི་དྲུག་དང་ནི། །འཆི་བསླུའི་གཞུང་དང་མགོན་པོ་མངོན་འབྱུང་བསྟོད། །གཤེད་དམར་རྒྱུད་དང་གདན་བཞིའི་དཀྱིལ་ཆོག་རྒྱུད། །གསར་འགྱུར་འཕགས་པ་ཤིང་ཀུན་དཀར་ཆག་དང་། ། སྐར་རྩིས་རཏྣ༌མ༌ལ༌མྱུར༌རྟོགས༌འགྱུར། །རྗེ་ཡི་མྱུར་རྟོགས་གསལ་བྱེད་མཛད་པ་དང་། །གསལ་འགྱུར་སྲེད་མེད་བུའི་གཟུངས་སྒྲོལ་མཚན་གཟུངས། །ཀླུ་དགའི་གཟུངས་དང་ནག་པོ་ཆེའི་བསྟོད་པ། །ས་ཐམ་རྒྱལ་པོའི་སྒྲོལ་བསྟོད་རྒྱ་ནག་འགྱུར། །སྤེན་པའི་བསྟོད་པ་བདེ་མཆོག་བསྟོད་པ་དང་། །ནག་པོ་ཆེ་ལ་བསྟོད་དང་ནགྫ་བདེན་མོ། །དབྱངས་མོ་རྟ་གཟུངས་སྡེབ་སྦྱོར་རྩ་འགྲེལ་དང་། །དབྱངས་ཅན་སྒྲ་མདོ་སོགས་ལ་པུ་ཏི་གཅིག  །ཕྱག་ཆེན་སྨོན་འགྲེལ་མི་ཏྲའི་དབང་ཆིངས་དང་། །བསྟོད་འགྲེལ་དཀྱིལ་ཆོག་མགོན་པོའི་བསྐང་བསྟོད་དང་། །བྱང་ཆུབ་རྡོ་རྗེའི་དངུལ་གདུང་བཀར་ཆག་དང་། །འཇའ་སྤྲུལ་ཡོངས་འཛིན་ཁམས་སྤྲུལ་དཔའ་བོ་ཡི།   །དྲིས་ལན་སོགས་དང་སྨོན་ལམ་ཞལ་གདམས་སྐོར། །ཞབས་བརྟན་བླ་མའི་རྣལ་འབྱོར་སྒྲུབ་ཐབས་སྐོར། །མགོན་པོའི་སྲུང་འཁོར་སྒྲུབ་ཐབས་སོགས་པོད་གཅིག  །སྡེ་དགེའི་བཀའ་འགྱུར་དཀར་ཆག་པོད་གཅིག་དང་། །རོལ་རྡོར་རྣམ་ཐར་གསེར་འགྱུར་དཀར་ཆག་དང་། །ཆབ་གཏོར་བསང་ཚོགས་སྔགས་ཀློག་ཚེ་རིང་ལྗོངས། །འབྲུམ་བཅོས་བརྡ་དག་པ་ཎྀ་ཙཎྜའི་སྐོར། །བརྒྱད་ཅུ་གྱ་གསུམ་གཅིག་ཏུ་བསྡུས་པ་ཏེ། །པོད་ཆེན་བཅུ་བཞིའི་བདག་ཉིད་ཅན་དུ་བཞུགས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号