《གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད》(ཁག་བཞི་པ)པར་འགྲེམ་བྱས་པ།


ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་ཆུང་འབྲིང་སློབ་མའི་བསླབ་ཕྱིའི་ཀློག་དེབ<<གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད>>(ཁག་བཞི་པ)པར་སྐྲུན་འགྲེམ་སྤེལ་བྱས།

“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རམ་འདེགས་ལས་གཞི་ཟུང་དུ་ཚུད་པའི་དེབ་དྲུག་ཅུའི་བདག་ཉིད་ཅན་གྱི<<གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད>>(ཁག་དང་པོ)ནི2005ལོ་ནས2015ལོའི་བར་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དེ་ནི་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཆུང་འབྲིང་སློབ་མ་རྣམས་ལ་ཁ་གཏད་ནས་ཆེད་དུ་པར་སྐྲུན་བྱས་པའི་དཔེ་མཛོད་ཐོག་མ་ཡིན། ཚོང་རར་བཀྲམ་པ་ན་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། ད་སྔའི་བར་དེབ་འགའ་མ་གཏོགས་ཕལ་ཆེ་བ་བསྐྱར་དཔར་བརྒྱབ་ཅིང་། དེབ་ལ་ལ་ཞིག་ད་རག་བར་བསྐྱར་དཔར་ཐེངས་བདུན་བརྒྱད་དང་། འགྲེམ་གྲངས་ཁྲི་གསུམ་ཡན་ལ་སླེབས། བོད་ཡིག་གི་དཔེ་ཆའི་ཁྲོད་དུ་འགྲེམ་གྲངས་འདི་ལྟ་བུ་ནི་ཆེས་བྲིན་པའི་གྲས་ཡིན་ཞིང་། འདི་ལས་ཀྱང་རྒྱ་ཆེའི་ཀློག་མཁན་ཚོས་དགའ་བསུ་བླ་ལྷག་བྱེད་བཞིན་པ་ཤེས་ཐུབ་པར་མ་ཟད། ཕན་འབྲས་ཆེན་པོའི་དགེ་མཚན་ལྡན་པ་ཡང་མངོན་པར་གསལ། དེར་དམིགས་ནས། 2023ལོར“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཡི་གེ་པར་སྐྲུན་ཆེད་སྤྱོད་མ་དངུལ་རམ་འདེགས་ལས་གཞིར་ཚུད་པའི<<གངས་རྒྱན་ན་ཆུང་ཤེས་བྱའི་དཔེ་མཛོད>>(ཁག་བཞི་པ)པར་སྐྲུན་འགྲེམ་སྤེལ་བྱས་ཏེ། རྒྱ་ཆེའི་ཆུང་འབྲིང་སློབ་མ་ཚོའི་མིག་གི་དགའ་སྟོན་དུ་བཤམས་ཡོད།

<<ལེགས་བཤད་གཏམ་རྒྱུད་ལ་སྦྱར་པའི་ཚིགས་སུ་བཅད་པའི་ཕྲེང་བ>>ནི་ཁྱབ་གདལ་བསྟན་འཛིན་རྒྱ་མཚོས་བརྩམས་ཤིང་། རྩོམ་མཁན་གྱིས<<ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ>>དང<<དགེ་ལྡན་ལེགས་བཤད་ཀྱི་འགྲེལ་བ>>སོགས་ལས་ཚབ་མཚོན་རང་བཞིན་གྱི་ལེགས་བཤད་གཏམ་རྒྱུད་དག་གཞིར་བཟུང་སྟེ། སྙན་ངག་གི་རྣམ་པ་སྤྱད་ནས་ཡང་བསྐྱར་གསར་རྩོམ་མཛད་ཡོད། ནང་དོན་ཐད་ལོ་རྒྱུས་དཔེ་ཆོས་རིག་གནས་དང་སྲོག་ཆགས་ཀྱི་གཏམ་རྒྱུད་ཡོད་ལ། སྣང་བརྙན་བཞེངས་སྐྲུན་གྱི་ལག་ཐབས་ལ་བརྟེན་ནས་བདེན་དགེ་མཛེས་གསུམ་ཇི་ལྟར་དར་སྤེལ་བྱེད་དགོས་པ་དང་། སྒེར་སེམས་དང་ཚུལ་འཆོས། འདོད་རྔམ་སོགས་ཀྱི་བྱ་སྤྱོད་ལ་སུན་འབྱིན་དང་དགག་བཞག་སྤྲོས་ཡོད་པས། དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ། དེབ་འདི་ཀློག་པ་པོ་རྒན་གཞོན་བར་གསུམ་ལ་འཕྲོད་པ་ལས། ལྷག་ཏུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་བློ་སྐྱེད་མི་དམན་པ་ཞིག་ཐོབ་སྲིད།

<<མིག་དཔེ་ཡི་སྟོབས་ཤུགས>>ནི་གསར་བརྗེ་མི་སྣ་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ། སྔོན་གཤེགས་དཔའ་བོ་ཀྲའོ་དབྱི་མན་དང་ཀུའོ་ཧྥིན་ཧྲའོ། ཀྲུང་གོའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་སྔོན་བྱོན་པ་ལི་ཏ་ཀྲའོ་དང་ཁྲེན་ཏུའུ་ཞིའུ་སོགས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་དཀའ་བ་ཇི་ལྟར་སྤྱད་པ་དང་། བདེན་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཆེད་རང་སྲོག་བློས་བཏང་བའི་གཏམ་རྒྱུད་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པའི་དཔེ་དེབ་ཅིག་ཡིན། ན་ཆུང་སློབ་མ་ཚོས་གསར་བརྗེ་མི་སྣའི་གཏམ་རྒྱུད་འདི་དག་བཀླགས་ཚེ། དེང་གི་བདེ་སྐྱིད་འཚོ་བ་ནི་ཁོང་ཚོའི་རྔུལ་ཁྲག་ལས་བྱུང་བར་ངེས་ཤེས་འདྲོངས་སྲིད་ལ། ཆུང་དུས་ནས་ཕུགས་བསམ་རྒྱ་ཆེན་པོ་ཞིག་རང་རྒྱུད་ལ་འབྱོར་བར་ཕན་འབྲས་མི་དམན་པ་འབྱུང་སྲིད།

<<གསར་རྩོམ་བྱིས་སྒྲུང་གཅེས་བསྡུས>>ནི2021ལོ་ནས2022ལོའི<<གངས་རྒྱན་ན་ཆུང་ཚགས་པར>>སྟེང་སྤེལ་བའི“ཐོན་མི་ལོ་ཙཱ”རྟགས་མའི་རྒྱལ་ཡོངས་བོད་ཀྱི་བྱིས་སྒྲུང་འགྲན་སྡུར་ཁྲོད་ཚུད་པའི་བྱིས་སྒྲུང་དག་གཅེས་བསྡུས་བྱས་པ་ཞིག་ཡིན། དེའི་ཁྲོད་དུ་རྩོམ་པ་པོ་རིག་ལྡན་རྒྱ་མཚོའི<<ཚེ་རིང་གི་ཕིས་ནའོ་ཚའོ>>དང་། བོད་གཞུག་སྐྱིད་ཀྱི<<གྲོག་མ་མིག་ཡངས་མ་བུ་གཉིས>> བྱ་མདོ་ནོར་བུ་རྒྱལ་གྱི<<གཉའ་ཁྲི་བཙན་པོ>>སོགས་བྱིས་སྒྲུང་སུམ་ཅུར་ཉེ་བ་བདམས་ཡོད། བྱིས་སྒྲུང་དེ་དག་གི་བརྗོད་བྱར་ཡར་སྐུལ་རང་བཞིན་ལྡན་ཞིང་འཆར་སྒོ་ཕུན་སུམ་ཚོགས་ལ། སྐད་ཆ་བབ་ཆགས་ཤིང་གོ་སླ་བས་ཀློག་བདེ་བོ་ཞིག་ཡིན། དེབ་འདི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་མཚོན་ན་ཆུང་དུས་ནས་ཀུན་སྤྱོད་བཟང་བོ་མཐོར་འདེགས་བྱེད་པ་དང་། ཡང་དག་པའི་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ་ཆགས་པའི་ཐད་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཐུབ།

<<ཨ་ཕ་སྐོར་ལོག ཞི་ལུ་གཅུ་ལོག>>ནི་བདེ་མཆོག་སྐྱབས་ཀྱིས་གསར་རྩོམ་མཛད་པ་ཞིག་ཡིན། རྩོམ་པ་པོས་བྱིས་པའི་མཐོང་སྣེ་སྤྱད་ནས་ཕ་བུ་གཉིས་ཀྱི་དུས་རྒྱུན་གྱི་འཚོ་བ་དེ་སྣང་བརྙན་ཅན་དུ་བཞེངས་སྐྲུན་བྱས་ཤིང་། དོན་དག་ཆུང་ངུའི་ཁྲོད་ནས་བྱུང་བའི་ཕ་བུ་གཉིས་བར་གྱི་གདོང་ཐུག་དང་འགལ་ཟླ། ལྟ་ཚུལ་མི་འདྲ་བ་དག་སྤྲོས་བརྗོད་བྱས་ཡོད་པ་དང་། མཇུག་མཐར་ཨ་ཕ་སྐོར་ལོག་གིས་རང་ཉིད་ཀྱི་རྩ་དོན་མི་འདོར་བའི་ཞོར་དུ། ཞི་ལུ་གཅུ་ལོག་གི་བྱིས་པའི་རང་གཤིས་ལྷད་མེད་ལ་བརྩི་འཇོག་བྱས་པའི་གོ་རིམ་དེ་བྲིས་ཡོད། སྒྲིག་གཞི་ངོ་མཚར་ཞིང་སྐད་ཆར་མཚོན་སྟོབས་ཆེ་ལ། ཁེར་ཚུགས་ཀྱི་བྱུང་རིམ་ཐུང་ངུ་མང་པོ་གུང་བསྒྲིགས་ནས་དཔེ་དེབ་གྲུབ་པར་བྱས་ཡོད་ཅིང་། ན་ཆུང་སློབ་མ་ཚོའི་བློ་ཁར་ཤིན་ཏུ་འཕྲོད་པའི་དཔེ་དེབ་ཅིག་ཡིན་པར་མ་ཟད། ཁོ་ཚོར་དཔེ་ཀློག་གི་སྤྲོ་བ་གྱ་ནོམ་པ་ཞིག་ཀྱང་སྩོལ་ངེས།

<<དཔེ་ཀློག་དང་མི་ཚེ>>ནི་ན་ཆུང་སློབ་མ་ཚོའི་དཔེ་ཀློག་ལ་དམིགས་ནས་ཆེད་དུ་བསྒྲིགས་པ་ཞིག་ཡིན། སྔོན་ཆད<<གངས་རྒྱན་ན་ཆུང་ཚགས་པར>>སྟེང་སྤེལ་བའི་དཔེ་ཀློག་སྐོར་གྱི་རྩོམ་ཡིག་བརྒྱ་ལྷག་ལས་ཡང་ཡང་གདམ་གསེས་བྱས་པ་བརྒྱུད་རྩོམ་ཡིག་སུམ་ཅུར་ལོངས་པ་ཙམ་འདིའི་ནང་དུ་བསྡུས་ཡོད། རྩོམ་ཡིག་དེ་དག་གིས་ངོས་དང་ཟུར་མི་འདྲ་བ་ནས་དཔེ་ཀློག་གི་དགེ་མཚན་དང་ཕན་ནུས་གླེང་ཡོད་པར་མ་ཟད། ན་ཆུང་སློབ་མ་ཚོའི་དཔེ་ཀློག་གི་སྤྲོ་བ་དང་འདུན་པ་ཇི་ལྟར་སྐྱེད་སྲིང་བྱེད་པའི་ཐད་ལའང་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་བླ་ལྷག་ཐོན་ངེས་སོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号