སྟག་འབུམ་རྒྱལ་གྱི«མཐའ་མཇུག་གི་སྦྲ་ནག»ཅེས་པ་པར་བསྐྲུན་བྱས།


བོད་ཀྱི་རྩོམ་རིག་གསར་རྩོམ་མུ་འབྲེལ་དཔེ་ཚོགས་ལས། གཡུ་དྲུག་དཀར་དཔེ་ཚོགས(ཁག་གསུམ་པ)ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས། དཔེ་ཚོགས་འདིའི་ཁྲོད་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་ལགས་ཀྱི་སྒྲུང་གཏམ་དེབ«མཐའ་མཇུག་གི་སྦྲ་ནག»ཅེས་པ་ཡང་ཚུད་ཡོད།

སྒྲུང་གཏམ་དེབ་འདི་སྒྲུང་འབྲིང་དྲུག་ལས་གྲུབ་ཅིང་། རྩོམ་པ་པོས་འབྲི་ཐབས་མི་འདྲ་བ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ་བོད་རིགས་ཞིང་འབྲོག་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བའི་རྣམ་པ་བྲིས་པ་བརྒྱུད་དེ། རང་ཉིད་འཚར་ལོངས་བྱུང་སའི་གནས་མཆོག་ཕ་ཡུལ་དང་ཕ་ཡུལ་མི་དམངས་ལ་དགའ་ཞེན་ཚད་མེད། དེ་མིན་བོད་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་། གསར་གཏོད་ཡར་བརྩོན། སྤྱི་ཕན་དགེ་ལས་སོགས་ལ་བསྟོད་བསྔགས་གནང་ཡོད། 

གཞན་དེབ་འདི་ལས་རྩོམ་པ་པོས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་བསམ་བློའི་བརྩེ་དུང་རྣམས་རང་ཉིད་ཀྱི་འཚོ་བའི་མྱོང་བ་དང་སྦྱར་ཡོད་པ་དང་། ཁྱད་མཚར་གྱི་བློས་བསླངས་དང་ཐུན་མིན་གྱི་རྩོམ་སྟངས། ཚིག་དང་འབྲུ་རེ་རེའི་བར་ནས་བཞེང་སྐྲུན་བྱས་པའི་སྒྱུ་རྩལ་གྱི་སྣང་བརྙན་སྣ་ཚོགས་སོགས་ཀྱིས་རྩོམ་རིག་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་འཕགས་ཡོད་པས་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བར་ནུས་པ་མི་དམན་པ་ཐོན་པར་གདོན་མི་ཟ་ལ། ཀློག་མཁན་དག་ལ་བག་ཆགས་དང་ཚོར་འདུ་སྣ་ཚོགས་རླབས་བཞིན་སྐྱོམ་ཞིང་རླུང་བཞིན་འཚུབ་པར་བྱེད་དུའང་འཇུག་སྲིད་དོ། །

རྩོམ་པ་པོ་ངོ་སྤྲོད།

སྟག་འབུམ་རྒྱལ། མཚོ་སྔོན་ཞིང་ཆེན་མང་རྫོང་སུམ་མདོ་རུ་སྐྱེས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན་ཡིན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་ཁོང་ཉིད་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། སྔ་རྗེས་སུ«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མི་རིགས་ཀྱི་རྩོམ་རིག» «མཚོ་སྔོན་པོ»སོགས་དུས་དེབ་སྟེང་སྒྲུང་འབྲིང་དང་སྒྲུང་ཐུང་བརྒྱ་ལྷག་སྤེལ་མྱོང་། དེའི་ཁྲོད་ཁོང་གི་སྒྲུང་འབྲིང«ཉིན་གཅིག་གི་ཆོ་འཕྲུལ»དང«དྲིན་ཅན»སོགས་སློབ་འབྲིང་སྐད་ཡིག་དང་མཐོ་རིམ་སློབ་ཆེན་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་དེབ་ཏུ་ཡང་བདམས། ཁོང་ལ་སྒྲུང་རིང«ལྷིང་འཇགས་ཀྱི་རྩྭ་ཐང»དང«རྒུད»གཉིས་ཡོད་པ་དང་། སྒྲུང་ཐུང་དང་སྒྲུང་འབྲིང་ཕྱོགས་སྒྲིག«མི་རབས་གསུམ་གྱི་རྨི་ལམ»དང«བགྲོས་པོ་དང་ནོར་ཁྱུ» «ཁྱི་རྒན» «ཁ་བ་མེད་པའི་དགུན་ཁ» «སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་སྒྲིག»བཅས་ཡོད་ལ། རྒྱ་འགྱུར་མའི་སྒྲུང་རིང«རྒུད»དང་། རྒྱ་འགྱུར་མའི་སྒྲུང་ཐུང་དང་སྒྲུང་འབྲིང་ཕྱོགས་སྒྲིག«མི་ཚེའི་གླུ་དབྱངས»དང«སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་སྒྲིག»སོགས་ཡོད། ཁོང་གི་སྒྲུང་གཏམ་སྐོར་ཞིག་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། ཧོ་ལན་སོགས་ཀྱི་ཡི་གེར་བསྒྱུར་ཏེ་ཕྱི་རྒྱལ་ལ་ཁྱབ་ཡོད། 2017ལོར་ཁོང་ཉིད་མཚོ་སྔོན་ཞིང་ཆེན་གྱི“སྤྱོད་ཡོན་གཉིས་ལྡན”སྐབས་བཞི་པའི་རིག་རྩལ་ལས་དོན་པར་བདམས་པ་དང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བཅུ་གཅིག་པའི་རྟ་མཆོག་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྩོམ་རིག་སྒྱུ་རྩལ་བྱ་དགའ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ་སོགས་ཐོབ་མྱོང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号