«སློབ་གསོ་ཐབས་ལམ་རྣམ་བཤད»བཀླགས་རྗེས་ཀྱི་མྱོང་ཚོར་ཕྲན་བུ།

རྩོམ་པ་པོ།:རྒྱ་ལོ་དོན་འགྲུབ། 

«སློབ་གསོ་ཐབས་ལམ་རྣམ་བཤད»ཅེས་པའི་དཔེ་ཆ་འདི་ནི་ཐེངས་གང་མང་ཞིག་ལ་བཀླགས་མྱོང་ཡང་རང་ཉིད་ཀྱི་མྱོང་ཚོར་ཕྲན་བུ་ཙམ་འབྲི་བའི་བསྐལ་བ་མ་བྱུང་། དྲ་ཐོག་སློབ་ཁྲིད་ཀྱི་ཉིན་འདི་དག་གི་རིང་ལ་དེབ་འདིར་ཡང་བསྐྱར་དཔེ་ཀློག་བྱེད་ཞོར་དུ་རང་ཉིད་ཀྱི་མྱོང་ཚོར་ཕྲན་བུ་ཙམ་བྲིས་པ་ཡིན།

རྒན་ཁོང་ནི་སློབ་གསོར་བསམ་གཞིགས་མཛད་པའི་མི་ཚེའི་ཕྱེད་ཀ་གཞི་རིམ་སློབ་གསོར་ཕུལ་ཅིང་རླབས་ཆེན་གྱི་དགེ་རྒན་ཞིག་ཡིན། རང་ཉིད་ལ་མཚོན་ན་སྔོན་ཆད་རྒན་ལགས་ཀྱི་འཆད་ཁྲིད་ལ་དངོས་སུ་རྣ་བའི་བདུད་རྩིར་རོལ་པའི་གོ་སྐབས་མ་བྱུང་ན་ཡང་། ཐེངས་འདིར་དངོས་སུ་ཁ་བརྡ་བརྗེ་རེས་ཀྱི་གོ་སྐབས་བྱུང་བ་ལ་བརྟེན་ནས་ཁོང་གི་བརྩམས་ཆོས་ལ་རོལ་མྱོང་བྱེད་པའི་དགའ་སྣང་རྒྱས་པ་ཡིན།

«སློབ་གསོ་ཐབས་ལམ་རྣམ་བཤད»ཅེས་པའི་དཔེ་ཆ་འདི་ཁ་ཕྱེས་མ་ཐག་མིག་ལམ་དུ་མཐོང་ཡོང་བ་ནི“སློབ་གསོ་ཐབས་ལམ་གྱིས་མི་ཚེའི་མདུན་ལམ་ཐག་གཅོད་བྱེད་བཞིན་ཡོད”་ཅེས་པའི་ལྗིད་ཏིག་ཏིག་གི་ཡིག་རྡོག་འགའ་ཡིན། ཡིག་རྡོག་འདི་དག་གིས་སློབ་གསོ་ཐབས་ལམ་ནི་བྱིས་པ་ཞིག་ནར་སོན་པའི་གོ་རིམ་ཁྲོད་ཀྱི་ལམ་སྟོན་གྱི་སྒྲོན་མེ་གཅིག་པུ་དང་། བྱིས་པའི་མདུན་ལམ་ཐག་གཅོད་ཀྱི་མན་ངག་ལྟ་བུ་དེ་ཡིན། སྤྱིར་སློབ་གསོ་ཟེར་བ་ནི་མི་ཞིག་གི་མི་གཞི་ཇེ་བཟང་དུ་གཏོང་བའི་གོ་རིམ་དེ་ཡིན་པ་མ་ཟད། ད་དུང་དེའི་བསམ་པའི་ཤེས་རིག་དང་གོ་རྟོགས་མཐོ་རུ་གཏོང་བའི་སློབ་སྦྱོང་གི་གོ་རིམ་དེའང་ཡིན། དེང་སྐབས་སློབ་གསོ་དང་འབྲེལ་བའི་དཔེ་ཆ་ཆར་རྗེས་ཀྱིས་ཤ་མོ་བརྡོལ་བ་བཞིན་གཅིག་འཕྲོར་གཅིག་བྱུང་ཡོད་ནའང་། དཔེ་ཆ་དེ་དག་ལས་སློབ་གསོའི་ལྟ་བ་གསར་རྙིང་དང་སྔོན་ཐོན་རྒྱལ་ཁབ་ཀྱི་སློབ་གསོ་ཐབས་ལམ་ནང་འདྲེན་བྱེད་དགོས་པ་སོགས་བརྗོད་ཡོད་པ་མ་གཏོགས། དེ་ལས་ལྡོག་སྟེ་གཞི་རིམ་སློབ་གསོ་ལེག་ལེན་གྱི་ཉིང་ཁུ་བསྡུས་ཤིང་མི་རིགས་རང་དང་འཚམ་པའི་མཐོ་སྒང་གི་སློབ་གསོ་ཐབས་ལམ་ངོ་མ་བྲིས་ཡོད་པ་ནི་དངོས་ནས་རྒྱ་མཚོ་ལས་ཁབ་འཚོལ་བ་ལྟ་བུ་རེད། ཡིན་ནའང་རྒན་གཅན་རོང་བསྟན་འཛིན་ལགས་ཀྱི«སློབ་གསོ་ཐབས་ལམ་རྣམ་བཤད»ནི་རང་མི་རིགས་ཀྱི་འཕེལ་རྒྱས་དང་མཐོ་སྒང་གི་བྱིས་པ་ཚོའི་སེམས་ཁམས་ཆོས་ཉིད་དང་འཚམ་པའི་སློབ་གསོ་ཐབས་ལམ་མཆོག་གྱུར་ཞིག་སྟེ། རྣམ་བཤད་དེའི་མགོ་མཇུག་བར་གསུམ་ཀུན་དུ་གཞི་རིམ་སློབ་མ་གཙོ་གཞི་དང་དགའ་སྣང་ཐབས་ལམ་གཙོ་སྐུད། སློབ་དང་གསོ་ཡི་སྒྱུ་རྩལ་གཙོ་ཁྲིད་བྱས་ཡོད་པ་མ་ཟད། སློབ་མ་རབ་འབྲིང་ཐ་གསུམ་ཡོད་ཚད་དང་སློབ་མ་ཡོད་ཚད་ཀྱི་ཤེས་ནུས་ཀྱི་གཏེར་ཁའི་ཕྱོགས་སོ་སོ་སྔོག་འདོན་བསྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་པས། དེང་རབས་འཛམ་གླིང་གི་སློབ་གསོ་བཅོས་སྒྱུར་གྱི་སྔོན་ཐོན་བསམ་བློ་དང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་དོན་དངོས་གཉིས་ཟུང་དུ་འབྲེལ་བས། མིག་གིས་འཛམ་གླིང་ལ་བལྟ་བའི་ཁྱད་ཆོས་དང་། དེང་རབས་ཅན་ལ་བལྟ་བའི་ཁྱད་ཆོས། འབྱུང་འགྱུར་ལ་བལྟ་བའི་ཁྱད་ཆོས་སུམ་འཛོམས་སུ་ཚང་བའི་དཔེ་དེབ་ཡིད་དབང་འཕྲོག་པ་ཞིག་རེད། སྤྱིར་ང་ཚོའི་ཤེས་གསལ་ལྟར་དུ་སློབ་གསོ་ནི་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། དཔེར་ན། འཛམ་གླིང་སྟེང་ཡ་ཧུ་དཱ་པ་ནི་སློབ་གསོ་ཆེས་སྔོན་ཐོན་ཡིན་པའི་མི་རིགས་ཤིག་ཡིན། དེ་བས་ང་ཚོས་མཐོང་ཐུབ་པ་ནི«ཡ་ཧུ་དཱ་པའི་སློབ་གསོ་མན་ངག»ཅེས་པའི་དཔེ་ཆ་དེ་ཡིན། དཔེ་ཆ་དེའི་ནང་དུ་མི་རིགས་དེའི་ སློབ་གསོ་ལ་བླ་ན་མེད་པའི་མཐོང་ཆེན་དང་མངོན་མཐོའི་སློབ་གསོ་ལ་བསྔགས་བརྗོད་དང་ཞིབ་འབྲི་བྱས་ཡོད་པ་དང་། དེབ་དེ་ནི་དུས་རབས་ཀྱི་འཕོ་འགྱུར་དང་བྱིས་པའི་སེམས་ཁམས་དང་བསྟུན་ནས་སློབ་གསོའི་ཐབས་ལམ་བྲིས་ཡོད་ལ་དུས་རབས་རང་བཞིན་ཡང་ཡོད་པ་བཞིན་རྒན་ལགས་ཀྱིས་བརྩམས་པའི་སློབ་གསོ་སྐོར་གྱི་དཔེ་ཆ་ནི་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་མངོན་གསལ་ལྡན། ང་ཚོས་རྒྱུན་པར་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་ཞེས་བཤད་ཡོད་ནའང། ཁ་སང་གི་སློབ་གསོ་ནི་དེ་རིང་གི་རྩལ་ནུས་དང་དེ་རིང་གི་རྩལ་ནུས་ནི་འབྱུང་འགྱུར་གྱི་འཕེལ་རྒྱས་ཡིན་པས། ཁ་སང་གི་སྲོལ་རྒྱུན་སློབ་གསོས་དེ་རིང་གི་མི་ལ་ཕན་ཆེ་ཆུང་གཉིས་ཡོད་ལ། ང་ཚོའི་རྒྱུན་པར་རིག་གཞུང་བསམ་བློ་ཞིག་སྔོན་ཐོན་ཡིན་མིན་ལ་ཞིབ་འཇུག་བྱེད་སྐབས་རིག་གཞུང་དེས་མིའི་འཕེལ་རྒྱས་དང་སྤྱི་ཚོགས་ལ་འཚམ་མིན་ཞིབ་འཇུག་བྱེད་རྒྱུ་ནི་གལ་ཤིན་ཏུ་ཆེ། ཁ་སང་གི་སྔོན་ཐོན་རིག་གནས་དང་དགེ་མཚན་ཁོ་ན་བརྗོད་ནས་སྲོལ་རྒྱུན་གྱི་རིག་གཞུང་ཁོ་ན་བསྐྱར་བཟློས་བྱས་ཚེ། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་བས་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་གཉིས་ཟུང་འབྲེལ་བྱས་ནས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པའི་སློབ་གསོ་ནི་ཕན་འབྲས་ཆེ་བའི་སློབ་གསོ་ཞིག་ཡིན་པར་འདོད།

དེབ་དེའི་ནང་དུ་མི་ཞིག་འཚར་ལོངས་བྱུང་བའི་དུས་སྐབས་རེ་རེ་དང་མཐུན་པའི་པའི་སློབ་གསོ་ཐབས་ལམ་རེ་རེ་བྲིས་ཡོད། མདོར་ན་ལྷན་སྐྱེས་ཀྱི་འཇོན་ཐང་དང་། ཕྱིར་འབྱུང་གི་སློབ་གསོ་ནས་རིམ་བཞིན་སྤྱི་ཚོགས་སློབ་གསོ་བར་ཀྱི་མེ་ཏོག་གི་འདབ་མ་རེ་རེར་ལ་ཇི་ལྟར་གཅེས་སྐྱོང་བྱེད་པའི་ཐབས་ལམ་རེ་རེ་བསྟན་ཡོད། དེ་ལས་ལྷན་སྐྱེས་ཀྱི་འཇོན་ཐང་དེ་རང་ལ་ཡོད་པའི་གཏེར་ཁ་སྔོག་འདོན་བྱེད་ཐུབ་མིན་ནི་གཙོ་བོ་མི་རེ་རེའི་འཇོན་ནུས་སྔོག་འདོན་གྱི་སློབ་གསོ་ལ་རག་ལས་ཡོད། ལྷན་སྐྱེས་གྱི་འཇོན་ཐང་རེ་རེ་ནི་ཤེས་རིག་གི་སྒོ་མོ་འབྱེད་པའི་གཏེར་ཁ་རེ་རེ་ཡིན་ཚུལ་བྲིས་ཡོད། དེར་མ་ཟད་དགེ་ཐོན་སློབ་གསོ་དང་བདེ་ཐང་སློབ་གསོ་བཅས་རིམ་བཞིན་ཞིབ་ཚགས་ལྡན་པའི་སྒོ་ནས་བྲིས་ཡོད་ལ། ཁྱིམ་ཚང་སློབ་གསོའི་ཕྱོགས་ནས་ཀྱང་གནད་འཁེལ་ཁ་གསལ་གྱིས་བྲིས་ཡོད།

ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་དང་མི་འདྲ་བར། དེ་ནི་སྟོད་ཐུང་ཞིག་གི་སྒྲོག་གུ་དང་མཚུངས་ལ།མི་ཞིག་གི་མི་གཤིས་དང་ཀུན་སྤྱོད་ནི་ཁྱིམ་ཚང་སློབ་གསོ་ནས་འགོ་རྩོམ་དགོས་པ་རེད། རྒན་ལགས་ཀྱི་དཔེ་དེབ་འདི་བཀླགས་རྗེས་ད་གཟོད་ཕ་མ་ནི་འཇིག་རྟེན་སྟེང་གི་བྱིས་པའི་བློ་སྒོ་འབྱེད་པའི་དགེ་རྒན་ཨང་དང་པོ་དེ་ཡིན་པ་ཤེས། རྒན་ལགས་ཀྱིས་ནམ་རྒྱུན་ཕ་མ་ནི་འཇིག་རྟེན་སྟེང་གི་བློ་སྒོ་འབྱེད་པའི་དགེ་རྒན་ཨང་དང་པོ་དང་། ཁྱིམ་ཚང་ནི་བློ་སྒོ་འབྱེད་ཡུལ་གྱི་སློབ་གྲྭ་ཨང་དང་པོ་ཡིན་པས་ཁྱིམ་གྱི་སློབ་གསོ་ལེགས་ཉེས་ཀྱིས་མི་ཚེའི་རྒྱལ་ཕམ་ལ་ཐོག་མའི་ཁ་ལོ་བསྒྱུར་བཞིན་ཡོད་ཅེས་གསུངས་པ་དེས་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་བརྗོད་ཡོད། ང་ཚོའི་ཉེ་འཁོར་དུའང་ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་གནད་དོན་མང་པོ་ཡོད། དཔེར་ན་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ཁ་པར་དང་བརྙན་འཕྲིན་མེད་པའི་ཁྱིམ་ཚང་ཕལ་ཆེར་ཡོད་མི་སྲིད་ལ། ཕ་མ་མང་པོ་ཞིག་གིས་བྱིས་པ་མགོ་བསྐོར་བའི་དོན་དུ་ཁ་པར་ལ་བལྟ་རུ་འཇུག་པ་ནི་ཡང་དག་པའི་སློབ་གསོ་གཏོང་སྟངས་ཤིག་མིན་ལ། ལྷག་པར་དུ་ཚད་ལས་བརྒལ་བའི་བརྙན་འཕྲིན་ལ་བལྟས་ན་བྱིས་པའི་བདེ་ཐང་ལ་གནོད་པ་ཕར་ཞོག་ད་དུང་སྤྱི་ཚོགས་ལ་ཤན་ཤུགས་ངན་པའང་ཐེབས་བཞིན་ཡོད། དེ་བས་ཕ་མའི་བྱེད་ཐབས་བཟང་ངན་ལས་བྱིས་པ་རྣམས་ཀྱི་མདུན་ལམ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་ང་ཚོའི་རྟོགས་དགོས། ཕ་མ་ལ་ལས་བྱིས་པའི་སྐད་ཆ་བཤད་ཤེས་མ་ཐག་ནས་བྱིས་པར་སྡིགས་མོ་དང་གཅར་རྡུང་ཚད་མེད་བྱེད་ལ། ནམ་རྒྱུན་དུ་ངོ་མདོག་ནག་པོ་སྟོན་པ་རེད། ལོ་མང་འགོར་རྗེས་བྱིས་པ་ནི་ཁ་གྲག་པར་སྐྲག་པའི་བྱིས་པ་ཞིག་ཏུ་འགྱུར་སྲིད་པ་རེད། དཔེར་བརྗོད་དེ་ནི་ཤེལ་སྒྲོམ་ནང་གི་འབུ་ཆ་ག་བ་ཞེས་པའི་དཔེར་བརྗོད་དང་གཅིག་མཚུངས་ཡིན་པ་རེད། མ་ཅིག་ལབ་སྒྲོན་གྱིས“གྲིམ་ཀྱིས་སྒྲིམས་ལ། ལྷོད་ཀྱིས་གློད། དེ་ན་ལྟ་བའི་གནད་ཅིག་ཡོད”ཅེས་བཤད་པ་ནང་བཞིན་ཚད་དང་རན་རྒྱུ་ནི་ཐབས་ལམ་ཀུན་གྱི་ཉིང་བཅུད་རེད། འདི་ཡང་རྒན་ལགས་ཀྱི་ཁྱིམ་ཚང་སློབ་གསོ་དང་འབྲེལ་ནས་རང་ཉིད་ཀྱི་བརྗོད་འདོད་པའི་སྐད་ཆ་འགའ་ཡིན།

རྒན་གཅན་རོང་བསྟན་འཛིན་གྱི་བརྩམས་ཆོས་ལ་སྤྱིའི་ཆ་ནས་གཞི་རིམ་ས་ཁུལ་གྱི་རོང་འབྲོག་མི་དམངས་ཀྱི་འཚོ་བ་དང་འབྲེལ་ནས་བྲིས་ཡོད་ལ། ཁ་གསལ་ཞིང་གོ་བདེ་བ། རང་ཅག་རོང་འབྲོག་ས་ཁུལ་ན་་གནས་པའི་གནད་དོན་དང་དཀའ་ཁག་རེ་རེ་ལ་དབྱེ་ཞིབ་དང་། བརྗོད་བྱ་མང་ཚོགས་ཀྱི་འཚོ་བ་དང་ཟུང་དུ་འབྲེལ་ཡོད་ཅིང་། རྗོད་བྱེད་མང་ཚོགས་ཀྱི་གོམས་སྲོལ་དང་འབྲེལ་བ། ཡུལ་སྐད་རང་བཞིན་གྱི་བྲིས་ཡོད་པས་ཁྱིམ་བདག་རྣམས་ཀྱིས་བལྟས་ན་ཚད་དང་རན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号