སློབ་གསོའི་འཕེལ་རྒྱས་ནི་དཔེ་ཀློག་ནས་འགོ་རྩོམ་དགོས།
རྩོམ་པ་པོ།:བསྟན་སྲུང་།
པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆན་ལི་ཆུན་གྱིས“སློབ་གསོ་ཟེར་བ་མཐར་གཏུགས་ན་དཔེ་ཀློག་ལ་དགའ་བའི་སློབ་གཙོ་དང་དཔེ་ཀློག་ལ་དུང་བའི་དགེ་རྒན་ཚོས་སློབ་མ་ཚོའི་སྣེ་ཁྲིད་དེ་མཉམ་དུ་དཔེ་ཀློག་བྱེད་པ་དེའོ”ཞེས་པའི་ཞལ་གསུང་ནི་ནད་ཐོག་གི་སྨན་དང་རྣག་ཐོག་གི་གཙག་ལྟར་ཧ་ཅང་གནད་ལ་ཁེལ་འདུག་སྟེ། སློབ་གྲྭའི་སློབ་གསོ་ལེགས་འགྲུབ་འབྱུང་མིན་གྱི་རྩ་བ་ནི་སློབ་གྲྭ་གང་དེའི་སློབ་གཙོ་ལ་རག་ལས་ཡོད། གལ་ཏེ། སློབ་གཙོ་གང་དེ་དཔེ་ཀློག་ལ་དོ་སྣང་མི་བྱེད་མཁན་ཞིག་ཡིན་ཚེ། དེས་ནི་བྱིས་པ་ཁྲི་སྟོང་མང་པོའི་མདུན་ལམ་ལ་གནོད་འཚེ་གཏོང་བར་ཐེ་ཚོམ་ཅི་ཡང་མེད། རྒྱུན་དུ་དཔེ་ཀློག་ལ་གོམས་འདྲིས་སུ་གྱུར་ཡོད་པའི་སློབ་གཙོ་ཞིག་ཡིན་ཚེ། སློབ་གཙོ་རང་ཉིད་ཀྱི་སྣེ་ཁྲིད་དང་ཤུགས་རྐྱེན་འོག་ངེས་དོན་གྱི་སློབ་གསོ་པའམ་ཕུལ་བྱུང་དགེ་རྒན་ཡང་གང་མང་ཞིག་གསོ་སྐྱོང་བྱ་ཐུབ་ངེས་ཡིན། དགེ་རྒན་བཟང་པོ་ཞེས་པ་ནི་མ་མཐའ་ཡང་སློབ་གསོ་ལ་དགའ་བ་དང་སློབ་མ་ལ་དུང་བ། དཔེ་ཀློག་གི་ལས་ལ་དགའ་ཞེན་ཡོད་མཁན་ཞིག་ངེས་པར་ཡིན་དགོས། དེ་ལྟ་བུའི་དགེ་རྒན་ཚོས་ད་གཟོད་དཔེ་ཀློག་གི་ལས་ལ་སྤྲོ་བས་འཇུག་ཐུབ་མཁན་གྱི་སློབ་མ་མང་པོ་སྐྱེད་སྲིང་བྱ་ཐུབ་ངེས། མཐར་གཏུགས་ན་སློབ་གསོའི་རྒྱལ་ཕམ་ནི་དགེ་རྒན་ཚོ་ལ་རག་ལས་ཡོད། དེ་བཞིན་དུ་སློབ་གྲྭ་ཞིག་གི་དགེ་རྒན་གྱི་བཟང་ངན་ནི་སློབ་གཙོ་བཟང་ངན་ལ་རག་ལས་ཡོད་དོ།།
ཉེ་ལམ་དྲ་རྒྱ་ཁག་ཏུ་ཧ་ཅང་དོ་སྣང་བྱ་རིན་ཡོད་པའི་དོན་བཟང་ཞིག་ཡོད་པ་ནི། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གིས་སྤེལ་བའི་འོད་སྣང་དཔེ་ཀློག་བྱེད་སྒོ་ཞེས་པ་དེ་རེད། རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་འོག ས་གནས་དེ་གའི་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་རྣམ་པས་སྐུ་ཚེགས་ལ་མ་འཛེམ་པར་སློབ་མའི་འཕེལ་རྒྱས་དངོས་གཙིགས་སུ་བཟུང་ནས་འདི་ལྟ་བུའི་དཔེ་ཀློག་ཡར་སྐུལ་གྱི་བྱེད་སྒོ་རིན་ཐང་ཅན་ཞིག་སྤེལ་བ་ནི་ཡི་རངས་བྱེད་འོས་པ་ཞིག་རེད། ད་ཐེངས་ཀྱི་དཔེ་ཀློག་བྱ་འགུལ་སྐབས་བདུན་པའི་སྟེང་དུ་དགེ་སློབ་ཚོའི་དཔེ་ཀློག་མྱོང་ཚོར་གྱི་གཏམ་བཤད་ཆ་ཚང་ལ་གཅིག་ཀྱང་མ་ལུས་པར་མཉན་པ་ན། ནུས་པ་ལྡན་པའི་དཔེ་ཀློག་ཡར་སྐུལ་གྱི་བྱ་འགུལ་ཞིག་ད་སྔའི་བར་བོད་འབྲེལ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གཅིག་གིས་ཀྱང་སྤེལ་ཐུབ་མེད་པར་མ་ཟད། ཐ་ན་ཡིད་སེམས་སུ་དྲན་ཡང་མ་མྱོང་བའི་ཚོད་དུ་ལྷག་ཡོད། དེ་ནི་ས་གནས་དེ་གའི་གོང་འོག་བར་གསུམ་གྱི་རྒྱལ་ཁ་དང་གཟི་བརྗིད་ཅིག་ཅི་ལ་མིན། ས་གནས་ཀྱི་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་ཆེད་དུ་འདི་ལྟར་བྱིས་པ་ཁྲི་སྟོང་གི་སེམས་སུ་དཔེ་ཀློག་གི་ས་བོན་ཞིག་བཏབས་པ་ནི་རྨད་དུ་བྱུང་བའི་མཛད་བཟང་ཞིག་དང་ཀུན་གྱི་མིག་དཔེ་རུ་བརྩི་ཆོག་པ་ཞིག་རེད། །
དཔེ་ཀློག་དང་རྒྱང་དུ་གྱེས་པའི་སློབ་གྲྭ་ཞིག་ཡིན་ཕྱིན། སློབ་གསོ་ལ་ཁ་གཡར་ནས་དོན་གྱིས་མི་སྒེར་ཁ་ཤས་ཀྱི་ཁེ་ཕན་དོན་དུ་གཉེར་སའི་ལྟེ་གནས་ཤིག་ཏུ་འགྱུར་ངེས། དེ་ལྟ་བུའི་ཁོར་ཡུག་ཅིག་ན་སློབ་གསོའི་མིག་རྒྱང་ཅན་གྱི་དགེ་རྒན་ནི་ཉིན་མོའི་སྐར་མ་ཙམ་དུ་ངེས་ཏེ། སློབ་མ་ཚོར་རྒྱུགས་སྤྲོད་ཀྱི་འདུ་ཤེས་ཙམ་སྐྱེད་སྲིང་བྱས་པ་ལས་ཚེ་སྲོག་གི་རིན་ཐང་དང་མཛེས་པ་ཡོད་ཚད་རྡོག་རོལ་དུ་བཏང་ནས་བསྡད་ཡོད། དེ་ལྟ་བུའི་བྱིས་པ་སྐྱོང་ལུགས་ནི་སློབ་གསོའི་དམིགས་ཡུལ་དང་རྦད་དེ་ཐ་དད་དུ་སོང་ཡོད། ཆུང་ས་ནས་བཤད་ན་བྱིས་པ་ནི་ཁྱིམ་ཚང་རེ་རེ་ཡི་རེ་བ་ཡིན་ལ། ཆེ་ས་ནས་མི་རིགས་དང་རྒྱབ་ཁབ་ཅིག་གི་མ་འོངས་པའི་རེ་བ་ཉག་གཅིག་ཡིན་པས། བྱིས་པ་དེ་དག་གི་མི་ཚེའི་རིན་ཐང་ལ་བརྩི་མཐོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་ཚེ་སྲོག་རེ་རེའི་རིན་ཐང་ལ་འདྲ་མཉམ་གྱི་རྩིས་ཐང་སྤྲོད་རྒྱུ་དེ་ཡིན་པས། རང་རེའི་དགེ་མིང་འཛིན་པ་ཚོས་སློབ་མ་སྐྱོང་བའི་སྐབས་སུ་མིག་རྒྱང་ཅུང་ཟད་བསྲིངས་ནས་མིའི་རང་བཞིན་དངོས་དང་སློབ་གསོའི་བྱེད་ནུས་སྣང་མེད་དུ་མི་གཏོང་བ་ཧ་ཅང་གལ་ཆེ། གལ་ཏེ་སློབ་གྲྭའི་སློབ་གསོའི་ལམ་ལུགས་དང་ཐབས་ལམ་ཡང་དག་པ་ཞིག་ཡིན་ཚེ། མི་སུ་ཡིན་རུང་རང་གི་ཚོད་ཀྱིས་བཟང་ཕྱོགས་ཀྱི་འགྱུར་བར་ཐེ་ཚོམ་ཅི་ཡང་མེད། དེར་བརྟེན། སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་ཕྱིན། བྱིས་པའི་མི་ཚེའི་མདུན་ལྗོངས་ལ་རྒྱང་རིང་པོར་བལྟ་ཐུབ་མཁན་ཞིག་དང་སྐྱོ་ངལ་དང་བྲལ་བ་ཞིག་ཡིན་རྒྱུ་ཧ་ཅང་གལ་ཆེ།
སློབ་གྲྭ་ཞིག་ལ་མཚོན་ན་དགེ་སློབ་དག་ལ་དཔེ་ཀློག་གི་ཁོར་ཡུག་འཛོམས་པོ་ཞིག་ཧ་ཅང་མཁོ་སྟེ། སློབ་གྲྭའི་སློབ་གཙོ་ཡིས་སྣེ་ཁྲིད་དང་། དེ་ལྟ་བུའི་སྣ་འཛོམས་ཅན་གྱི་དཔེ་གཟིགས་ཁང་ཞིག་ངེས་པར་བསྐྲུན་དགོས་པར་མ་ཟད། འཆར་གཞི་དང་ལྡན་པའི་སྒོ་ནས་གཟའ་འཁོར་རེའི་དཔེ་ཀློག་གི་སློབ་ཚན་དང་འགན་ཁུར་གྱི་དགེ་རྒན་སོགས་གཏན་འཁེལ་གསལ་པོ་བྱེད་དགོས། དེ་ལྟར་དུ་སློབ་གཙོ་རང་ཉིད་དང་དཔེ་ཀློག་ལ་དགའ་ཞེན་ཡོད་པའི་དགེ་རྒན་ཚོས་དཔུང་པ་མཉམ་གཤིབ་ཀྱིས་སློབ་མ་ཚོར་དཔེ་ཀློག་གི་ལས་ལ་ཤུགས་ཀྱིས་སྐུལ་ཚེ། ད་གཟོད་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱ་ཐུབ་ངེས་ཡིན། དེ་ལས་ལྡོག་སྟེ་སློབ་གྲྭ་གང་ཞིག་ལ་དཔེ་དེབ་སྣ་མང་ཡོད་པ་ཕར་ཞོག་ཐ་ན་དཔེ་གཟིགས་ཁང་ཆུང་ཆུང་ཞིག་ཀྱང་མེད་པའི་ཚོད་དུ་བསླེབས་ཡོད་ཚེ། དེ་ལྟ་བུའི་ཁོར་ཡུག་ཏུ་དཔེ་ཀློག་ལ་དགའ་བའི་དགེ་རྒན་དང་། དཔེ་ཀློག་ལ་དུང་བའི་སློབ་མ་ནི་ནམ་ཡང་འབྱུང་ཐབས་བྲལ། སློབ་གྲྭ་ཞེས་པ་ནི་སློབ་མ་ཚོར་རང་དབང་ལྡན་ལ་སྤྲོ་སྣང་འཕེལ་བའི་དཔེ་ཀློག་གི་ཁོར་ཡུག་ཡོད་ས་ཞིག་ཡིན་དགོས་པ་ལས། མི་སྒེར་གྱི་ཁེ་ཕན་དོན་དུ་གཉེར་སའི་རུལ་སུངས་ཀྱི་ཚང་ཞིག་ཏུ་འགྱུར་མི་རུང་། དཔེ་ཀློག་གི་ཁོར་ཡུག་ལེགས་པའི་སློབ་ར་ཞེས་པ་དེ་ཡང་མཐར་གཏུགས་ན་དཔེ་ཀློག་གོམས་འདྲིས་སུ་གྱུར་ཡོད་པའི་དགེ་རྒན་ཚོས་སློབ་མ་ཚོའི་སྣེ་ཁྲིད་དེ་དཔེ་ཀློག་གི་ལས་ལ་འབད་རྒྱུ་དེ་རེད།
“ང་ཚོ་སྤྱི་སྒེར་གང་ཞིག་ཡིན་རུང་ད་ལྟའི་རྒྱལ་ཕམ་ནི་དཔལ་འབྱོར་གྱིས་འབྱེད་ཅིང་། མ་འོངས་པའི་རྒྱལ་ཕམ་ནི་སློབ་གསོ་ཡིས་འབྱེད་ངེས་རེད”ཅེས་གསུངས་པ་ལྟར་སློབ་གསོ་གཙིགས་ཆེན་དུ་འཛིན་རྒྱུ་ནི་རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད། དེར་བརྟེན། བྱིས་པའི་སློབ་གསོ་ནི་མི་བུ་སྒེར་རེ་རེའི་བདེ་སྐྱིད་དང་། ཁྱིམ་ཚང་རེ་རེ་ཡི་དར་རྒུད། སྤྱི་ཚོགས་ཧྲིལ་པོའི་བདེ་འཇགས་བཅས་ཀྱི་རྩ་བ་རེད། བྱིས་པའི་སློབ་གསོ་རུལ་སུངས་ཅན་ལས་རྣམ་པར་རྒྱལ་ནས་བདེ་ཐང་ཅན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་མིན་ནི་རང་རེའི་དགེ་རྒན་ཚོའི་སློབ་གསོའི་མིག་རྒྱང་དང་སློབ་མ་ལ་བཅངས་པའི་ལྷག་བསམ། དཔེ་ཀློག་གི་ཆུ་ཚད་སོགས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་དཔེ་ཀློག་ལ་ངོས་འཛིན་ཡང་དག་པ་ཞིག་ཡོད་རྒྱུ་ནི་ད་ལྟའི་དུས་འདི་ལ་ཁ་ཚ་དགོས་གཏུགས་ལྟ་བུར་གྱུར་ཡོད། དཔེ་ཀློག་གི་ཁོར་ཡུག་ལེགས་པའི་སློབ་ར་ཞེས་པ་ནི་སློབ་གྲྭས་གཏན་འབེབས་བྱས་པའི་བསླབ་གཞི་ཙམ་མ་ཡིན་པར། དཔེ་ཀློག་ལ་དགའ་བའི་དགེ་རྒན་ཚོས་སློབ་མ་དག་གི་སྣེ་ཁྲིད་དེ་བསླབ་ཕྱིའི་དཔེ་དེབ་འདྲ་མིན་ཀློག་རྒྱུ་དང་དེའི་ཁོར་ཡུག་ཡོད་ས་ཞིག་ངེས་པར་ཡིན་དགོས། གལ་ཏེ། སློབ་མ་ཚོར་སློབ་གྲྭའི་ནང་དུ་དཔེ་དེབ་སྣ་ཚོགས་དཔེ་གཟིགས་བྱ་སའི་དཔེ་ཁང་ཆུང་ཆུང་ཞིག་ཀྱང་མེད་ཚེ། དེ་ནི་སློབ་གསོའི་ཕམ་ཁ་ཞིག་དང་སློབ་གྲྭ་གང་དེའི་ངོ་ཚ་ལས་མ་འདས་སོ།།
སློབ་གསོ་པ་གྲགས་ཅན་སུའུ་ཧོ་མུའུ་ལིན་སི་ཆི་ཡིས“བརྩེ་བ་མེད་ན། སློབ་གསོ་ཟེར་བ་ཡང་མེད”ཅེས་གསུངས་ཡོད་དེ། བྱིས་པ་ཚོ་མིའི་མཚན་ཉིད་ཚང་བའི་གང་ཟག་ཅིག་ཏུ་གཏོང་ཐུབ་མིན་གྱི་རྩ་བ་ནི་དགེ་རྒན་ཚོའི་མི་གཞིའི་མཛེས་པ་ལ་རག་ལས་ཡོད། འཇིག་རྟེན་ཁམས་ཀྱི་བདེ་བ་ཐམས་ཅད་ཀྱི་འབྱུང་རྩ་ནི་བརྩེ་བ་ཡིན་ལ། སྡུག་བསྔལ་ཡོད་ཚད་ནི་སྒེར་སེམས་ལ་བརྟེན་ནས་བྱུང་བ་རེད། དགེ་རྒན་གྱི་བཟང་ངན་དེ་ཡང་གཙོ་བོ་སློབ་མ་ལ་བརྩེ་སེམས་ལྷད་མེད་ཅིག་ཡོད་མེད་དང་། ཁེ་ཕན་ཉི་ཚེ་བ་དག་ལས་རིང་དུ་གྱེས་ནས་མིག་རྒྱང་རིང་པོས་སློབ་མའི་ལུས་སེམས་ཀྱི་བདེ་ཐང་ལ་འགན་འཁུར་ཐུབ་མིན། རྟག་ཏུ་རང་གིས་རང་ལ་སློབ་གསོ་གཏོང་ཐུབ་མིན་བཅས་ཀྱི་སྟེང་ནས་འབྱེད་དགོས་པར་སྙམ། སློབ་མའི་རྒྱུགས་སྐར་མཐོ་དམའ་གཞིར་བྱས་ཏེ་སློབ་མ་རེ་རེའི་ཚེ་སྲོག་གི་རིན་ཐང་ལ་གྲལ་རིམ་ཅན་དུ་ལྟ་བ་ནི་སློབ་གསོའི་ཕམ་ཁ་ཆེ་ཤོས་དེ་ཅི་ལ་མིན། དེ་ལས་ལྡོག་སྟེ་བྱིས་པ་རེ་རེའི་ཚེ་སྲོག་གི་རིན་ཐང་ལ་འདྲ་མཉམ་ཅན་དུ་བལྟ་བ་ནི་སློབ་གསོའི་རིན་ཐང་ཆེས་ཆེ་ཤོས་དེར་བརྩི་འོས། ང་ཚོས་བདེ་སྡུག་གི་ཚོར་བ་རང་ཉིད་དང་གཅིག་མཚུངས་སུ་མངའ་བའི་དམར་ཧྲང་ཧྲང་གི་ཚེ་སྲོག་རེ་རེ་ལ་གུས་བཀུར་བྱ་འོས། ཁོ་ཚོ་ཡང་རང་གི་ཕ་མ་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་གཅེས་ཕྲུག་རེ་རེ་ཡིན་པ་ནི་ང་ཚོས་བརྗེད་ག་ལ་རུང་། ནམ་ཞིག་གི་ཚེ་ན་ཁོ་ཚོར་ཡང་རང་ཉིད་ལ་དབང་བའི་མི་ཚེ་ཞིག་དང་། རང་ཉིད་ལ་དབང་པའི་ཁྱིམ་ཐབ་ཞིག རང་ཉིད་ལ་དབང་བའི་བུ་ཕྲུག་རེ་རེ་སོགས་འབྱུང་སྲིད་པས། ང་ཚོ་སློབ་གསོའི་བྱ་བ་སྒྲུབ་མཁན་གྱི་དགེ་མིང་འཛིན་པ་དག་གིས། བྱིས་པ་ཚོར་མདུན་ལམ་འོད་སྟོང་ལྡན་པ་ཞིག་སྟོན་མ་ཐུབ་རུང་། བྱིས་པའི་སེམས་ཁམས་ཀྱི་བདེ་ཐང་ལ་གས་ཆག་མ་ཤོར་བ་ཞིག་གནང་རྒྱུ་ནི་མ་མཐའི་རྩ་དོན་ཡིན་པས་ངེས་པར་གོ་དགོས།
མཐར་གཏུགས་ན། དཔེ་ཀློག་ལ་དགའ་བའི་སློབ་མ་ནི་དཔེ་ཀློག་ལ་གོམས་འདྲིས་སུ་གྱུར་ཡོད་པའི་དགེ་རྒན་ཚོར་བརྟེན་ནས་བྱུང་བ་ཡིན་ལ། ནང་སེམས་བརྩེ་བས་ཕྱུག་པའི་སློབ་མ་ཚོ་ནི་གཞན་ཕན་གྱི་ལྷག་བསམ་མངའ་བའི་དགེ་རྒན་དག་གི་བཟང་སྤྱོད་ལ་བརྟེན་ནས་བྱུང་བ་རེད། རྒྱལ་ཁབ་ཅིག་གི་སློབ་གསོའི་རེ་བ་ཡང་མཐར་གཏུགས་ན་སློབ་གསོའི་མིག་རྒྱང་མངའ་བའི་དགེ་རྒན་དག་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན། ང་ཚོས་གཞན་ལ་སློབ་སྟོན་མ་བྱས་པའི་གོང་རོལ་དུ་ཐོག་མར་རང་གི་སྐྱོན་ཡོན་ལ་ཞིབ་ཏུ་བརྟག་དགོས། རང་ངོས་ཀྱི་སྐྱོན་ཡོན་འཇུག་ལྡོག་མ་ནོར་བ་ཞིག་བྱུང་ཚེ། ད་གཟོད་སློབ་གསོ་ཟེར་བ་ཡང་ཁ་གཡང་ཙམ་ཞིག་མ་ཡིན་པར་ངེས་པ་དོན་གྱིས་གནད་ལ་འབབ་རྒྱུ་ཡོད་པ་ཞིག་འབྱུང་ངེས། སྐུ་ཞབས་སུའུ་ཧོ་མུའུ་ལིན་སི་ཆི་ཡིས“གལ་ཏེ་མི་སུ་ཞིག་གིས་རང་ཉིད་ལ་སློབ་གསོ་གཏོང་མི་ཐུབ་ཚེ། དེས་ནི་མི་གཞན་པ་ལ་རྩ་བ་ནས་སློབ་གསོ་གཏོང་མི་ཐུབ”ཅེས་གསུངས་པ་དང་དོན་མཚུངས། ད་ནི་ང་ཚོས་ཁ་ནང་ལ་འཁོར་ནས་ཐོག་མར་རང་གིས་རང་ལ་རྒྱུས་ལོན་ཡང་དག་ཅིག་བྱས་ན་ཅི་མ་རུང་། ད་བར་དུ་གཞན་སྐྱོན་བཙལ་རྒྱུ་ལ་བྲེལ་བའི་ང་ཚོ་ནི་ཅི་འདྲའི་བླུན་རྨོངས་ཤིག་རེད་ཨང་། རང་ཉིད་དབང་དུ་བསྡུ་བ་ནི་ཕྱི་རོལ་གྱི་འཇིག་རྟེན་དབང་དུ་བསྡུ་བའི་སྔོན་འགྲོ་ལྟ་བུ་རེད། སློབ་དཔོན་ཞི་བ་ལྷས་ཀྱང“དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མ་ལང་གི །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །”ཞེས་གསུངས་ཡོད་པ་ལྟར་རོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注