གཏམ་དང་གཏམ་རྒྱུད་རིག་གནས་ཀྱི་སློབ་གསོའི་རིན་ཐང་གླེང་བ།

གཏམ་དང་གཏམ་རྒྱུད་རིག་གནས་ཀྱི་སློབ་གསོའི་རིན་ཐང་གླེང་བ།

དོན་གྲུབ་ཚེ་རིང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། 

གཏམ་ནི་གཏམ་རྒྱུད་ཀྱི་གཞི་མའི་དོན་བྱ་དང་རིག་པ་གང་དེར་གོ་ལ། གཏམ་རྒྱུད་ནི་གཏམ་གཞིའི་དོན་བྱ་རྒྱུད་དུ་བརྒྱུས་པའི་སྒྲུང་གང་དེར་གོ འགྲོ་བ་མིའི་སྤྱི་ཚོགས་སུ་གཏམ་དང་གཏམ་རྒྱུད་ཀྱི་རིག་གནས་ནི་རིག་གནས་ཀུན་གྱི་རྩ་བ་དང་རྨང་གཞི། འགོ་ཁུངས་ཡིན་ཕྱིར། བྱིས་པ་དང་ན་ཆུང་ནི་མིའི་བསམ་པའི་ནང་ནས་སྐྱེ་སྟོབས་འཚར་ལོངས་ཀྱི་འགོ་དང་རྩ་བ་ཡིན་པས། གཏམ་རྒྱུད་རིག་གནས་ཀྱི་སློབ་གསོ་བསྟེན་རྒྱུ་ནི་ཤིན་ཏུ་ནས་འགངས་ཆེ།

གཅིག གཏམ་རྒྱུད་ནི་བསམ་པའི་ཀློང་བརྡོལ་བའི་སྐུད་སྣེ་ཡིན།

བྱིས་པའི་བློ་སྒོ་འབྱེད་པ་དང་འཆར་སྒོ་ཡངས་པོར་ཕྱེ་བ། རིག་པ་འདྲེན་ཐུབ་པའི་གཏམ་དང་གཏམ་རྒྱུད་བོད་པའི་ཡིག་ཆའི་ཁྲོད་དུ་ཤིན་ཏུ་མང་། དེ་ཡང《བཀའ་ཆེམས་ཀ་ཁོལ་མ》དང《ནེ་ཙོའི་སྒྲུང》དང《སྤྲེའུ་སྒྲུང》སོགས་དང་། གཞན《མཁས་པའི་དགའ་སྟོན》ནང་གི《རོ་སྒྲུང》དང《མ་སངས་ཀྱི་སྒྲུང》དང《བྱ་དཔེ་བྱེའུ་སྒྲུང》། ལྷག་ཏུ་དམངས་ཁྲོད་ཀྱི《གེ་སར་གྱི་སྒྲུང》དང《མི་རོ་རྩེ་སྒྲུང》དེ་བཞིན《ཉི་ཆོས་བཟང་པོའི་སྒྲུང》《ཨ་ཁུ་སྟོན་པའི་སྒྲུང》སོགས་ལས་མཚོན་པའི་སྒྲུང་དག་ནི་རང་རེའི་ན་གཞོན་ཚོའི་བསམ་པའི་སྒོ་གླེགས་ཕྱེ་བའི་གཏམ་རྒྱུད་ཁོ་ན་ཡིན།

གཏམ་རིག་གི་རྩལ་དེ་རིགས་ལ། ཡིག་རྙིང་དུ་ལྡེའུ་རིག་ཅེས་བརྗོད་དེ། དབྱེ་ན་གཙོར་གསུམ་ཡོད་དེ། དང་པོ་རྫས་ལྡེའུ་ཡི་དཔེར། བཙད་མོ་སད་མ་ཀར་གྱི་ཁྲི་སྲོང་བཙན་ལ་བསྐུར་པའི་རྫས་གཡུ་ཡི་དམག་གི་དོན་བྱེད་མཚོན་པ་ལྟ་བུ། གཉིས་པ་ངག་ལྡེའུ་ཡི་དཔེར། 《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ནང་གི་འགྲུལ་ལམ་ཇག་པས་ཐུན་མིན་དུ་སྤྱོད་པའི་ངག་ཡིག“ལུག་གཅིག་བརྫངས་ཡོད”ལྟ་བུ། གསུམ་པ་ཡིག་ལྡེའུ་ཡི་དཔེར། 《མི་ལ་རས་པའི་རྣམ་ཐར》ནང་མྱང་ཚ་དཀར་མོ་རྒྱན་གྱི་ཡིག་ལྡེའུ་ཞིག་སྟེ། གབ་བྱའི་དོན་རྣལ་འབྱོར་གྱི་བེམ་གོས། ལྷན་པ་ནག་པོ། སྐུད་དཀར་གྱི་ཧབ་འཚེམས། གསེར་སྲང་བདུན་སོགས་ཀྱི་གབ་བྱེད་ཀྱི་ཡིག་ལྡེའུ“ལུང་པ་ཁ་བྱང་དུ་བསྟན་པ། སྤྲིན་ནག་པོ་གཡོ་བ། སྐར་མ་སྨིན་དྲུག་འཆར་བ། ཉེ་ཚན་གྱི་སྤུན་བདུན”སོགས་ཀྱི་གཏམ་གྱི་རིག་པ་སྤྱད་པ་ལྟ་བུ། གཞན《སྙན་ངག་མེ་ལོང་མ》རུ་བྱས་པའི་གབ་ཚིག་རྒྱན་སོགས་ཀྱང་ལྡེའུ་རིག་པ་དང་ཉེ་བར་མཚུངས་ལ། དེང་གི་བརྩམས་སྒྲུང་ཡང་སྲོག་ཤིང་གཏམ་རྒྱུད་དུ་ངེས་ཤིང་། གཏམ་རྒྱུད་མེད་ཚེ་ཀློག་པ་པོའི་དང་བ་འདྲེན་དཀའ། མདོར་ན་གཏམ་དང་གཏམ་རྒྱུད་ཀྱི་རིག་གནས་ནི་རིག་པ་ཁྱད་པར་བ་ཞིག་ཡིན་ཞིང་། དེ་འདྲའི་རིག་པ་ནི་གབ་སྦས་དོན་འདུས་ཅན། ངོ་མཚར་སྤྲོ་བ་ཅན། སྣང་འདྲེན་འཆར་སྒོ་ཅན་གྱི་ཁྱད་ཆོས་མངོན་པར་ལྡན།

གཉིས། གཏམ་རྒྱུད་ནི་འཇིག་རྟེན་ལ་ལྟ་ཚུལ་བསྐྱེད་པའི་བློ་མིག་ཡིན།

ཕྱི་ནང་འཇིག་རྟེན་གང་དེའི་ཆགས་འཇིག་གནས་འབྲེལ་སོགས་ཀྱི་ལྟ་ཚུལ་བསྐྱེད་པ་ལ། ཐོག་མར་ལྷ་སྒྲུང་དང་སྨྲང་རབས། སྲིད་པའི་གཏམ་སོགས་ནས་འགོ་འཛུགས་དགོས་ཏེ། བོད་ཀྱི་རིག་གནས་ཁྲོད་ཀྱི《སྲིད་པའི་གླུ》དང《ཨ་མཚར་མཚར་དགུ》《ཨ་ཆགས་ཆགས་དགུ》སོགས་ཀྱིས་ཕྱིའི་འཇིག་རྟེན་གྱི་ཆགས་གནས་རྟེན་གསུམ་སོགས་ལ་ངེས་ཤེས་བསྐྱེད་པར་ཤིན་ཏུ་སྨན། རྒྱའི་འཇིག་རྟེན་ལྟ་ཚུལ་གྱི་གཏམ་རྒྱུད་དུའང《གནམ་ས་ཁ་འབྱེད་ཀྱི་སྒྲུང》དང《ནཱི་ཝས་འགྲོ་བ་མི་བཟོ་བ》སོགས་ཀྱི་བློ་འབྱེད་ཀྱི་སྒྲུང་མང་། གཞན་ཡང་འཇིག་རྟེན་མིའི་འགྲོ་འདུག་སྤྱོད་བསམ་སོགས་ཀྱི་ལམ་སྟོན་གྱི་སློབ་གསོའི་ཐད། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི《སུམ་པའི་མ་ཤགས་ཆེན་མོ》དང《ཕུ་ནུའི་མདོ》། དུས་ཕྱིས་ས་པཎ་གྱི་ལེགས་བཤད་སློབ་གསོའི་དེབ་ཐོག་མ《ས་སྐྱ་ལེགས་བཤད》བརྩམས་ཤིང་། དེ་ལས།“འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །ཁོ་བོས་དམ་པའི་ཆོས་འདི་བཤད། །”ཅེས་འཇིག་རྟེན་པའི་གཏམ་ཐོག་ནས་སློབ་གསོ་བྱེད་ཐབས་འགངས་ཆེ་ཚུལ་གསུངས་ཡོད་པ་བཞིན་རང་རེའི་རིག་གནས་ནི་དངོས་རྗེན་ཐད་བརྗོད་མིན་པར་གབ་སྦས་བརྒྱུད་གསུམ་གྱིས་དོན་འཕྲོད་སྟངས་གཙོར་བྱེད་པ་ཤེས་ཐུབ། ཁྱད་པར་བོད་རྩོམ་ཁྲོད་གཏམ་དཔེ་དང་དཔེ་ཆོས། ལེགས་བཤད། གཏམ་རྒྱུད། ཆོས་གཏམ། ཆོས་སྒྲུང་། བཤད་པ། ལྷ་རབས། སྒྲུང་། ལྡེའུ། ཁེད། གབ་ཚིག སོགས་རྩོམ་ལུས་སྣ་ཚོགས་ཡོད་ཅིང་། དེ་དག་ལས་འཇིག་རྟེན་དཀར་ནག་སྤང་བླང་གི་གནད་ལ་ངེས་ཤེས་བསྐྱེད་ཅིང་དྲང་པོའི་ལམ་གྱི་བློ་མིག་བསྟན་ཡོད་དེ། དེ་ལྟའི་ནུས་པར་འབྲུག་པ་ཀུན་ལེགས་ཀྱི་གསུངས་ལྟར་ན།“དཔེ་གཡས་ཆུང་དོན་ཟབ་མོ”བྱ་བའི་ཚིག་དེ་དང་ཤིན་ཏུ་ནས་མཚུངས་རིགས་སུ་འདུག །

གསུམ། གཏམ་རྒྱུད་ནི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པའི་ཟམ་པ་ཡིན།

དེང་རབས་འགྲེལ་རིག་སྨྲ་བ་དག་གིས་བཞེད་རྒྱུར། མིའི་རིགས་ཀྱི་ལོ་རྒྱུས་ནི་མཐར་གཏུག་ན་སྐད་ཆའི་གླེང་མོ་ཡིན་པར་འདོད། ཁོ་བོའི་འདོད་ཚུལ་དུའང་། ལོ་རྒྱུས་ནི་གཏམ་ནས་འགོ་བརྩམས་ལ། གཏམ་ལས་ད་གཟོད་ལོ་རྒྱུས་གྲུབ་པར་སྣང་ཞིང་། དེ་ཡང་གཏམ་ལ་གཏམ་སྐྱེས་ཤིང་། དེ་དུས་ཀྱིས་བདས། དེ་གནས་ཀྱིས་སྟུང་། དེ་ངག་གི་སྒྲུང་དུ་གཅིག་གིས་རྨང་བཏིང་། གཉིས་ཀྱིས་ལྷན་པས་བརྩེགས། གསུམ་གྱིས་ཆོ་གས་བསྟོད། དེ་ལྷ་རུ་བསྟོད། ཀླུ་རུ་གསོལ། དེ་ནས་འཇིག་རྟེན་གྱི་མི་ཡི་ཞིང་དུ་སྲིད་པའི་ལྷར་གྱུར། ལོ་ངོ་སྟོང་གི་དོན་མཚན་ཞག་གཅིག་གི་གཏམ་དུ་བསྡུས། གཏམ་དེ་གནས་ཀྱིས་མ་ཁེགས་ཡར་མར་ཁྱབ། གཏམ་དེ་དུས་ཀྱིས་མ་འཐུམས་སྔ་ཕྱི་འདྲེས། མཐར་ཐུག་ན་ལོ་རྒྱུས་དེ་ལྟར་གཏམ་རྒྱུད་དུ་ཆགས།  དེས་ན་རང་རེས་གཏམ་རྒྱུད་དག་ལས་ད་གཟོད་དོན་ངོ་མའི་ལོ་རྒྱུས་ལ་རྒྱུས་ལོན་བྱ་ཐུབ་ལ། དེ་ལས་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་ཚད་ཐིག་ཀྱང་མཐོང་ཐུབ།

རིག་གནས་མིའི་རིགས་རིག་པ་སྨྲ་བ་དག་གིས་ཞིབ་དཔྱད་ལྟར་ན། གཏམ་རྒྱུད་ལས་གནའ་མིའི་མཆེད་ཁུངས་དང་ཡུལ་གྱི་གོམས་གཤིས། སྲོལ་གྱི་དད་མོས། ཆོས་ལུགས་དང་ཆོ་ག་སོགས་གབ་སྦས་སུ་ཡོད་པར་བཤད། དེས་ན་ལོ་རྒྱུས་རྒྱུས་ལོན་བྱེད་པར་ཐོག་མར་གཏམ་རྒྱུད་ནས་འགོ་རྩོམ་དགོས་ཤིང་། ད་གཟོད་སྤྲོ་བའང་རྒྱས་པར་སེམས། གཞན་ཡང་ཐ་སྙད་སྐད་བརྡ་རིག་པས་གཞལ་ཚེ། སྒྲུང་དང་གྲུང་། སྨྲང་དང་སྨྲ། རབས་དང་རྒྱུད་སོགས་ནི་སོ་སོར་ཐ་སྙད་ཀྱི་རྒྱུད་ཁུངས་གཅིག་ཏུ་ཡིན་ཏེ། སྒྲུང་དང་གྲུང་ནི་རིག་པ་གསལ་བའི་དོན་ཅན་དང་། སྨྲང་དང་སྨྲ་ནི། བཤད་པའི་དོན་དང་སྨྲང་ལ་མང་བའི་དོན་བརྩེགས་སུ་ལྡན་ཡོད་དེ། སྨྲང་དང་རབས། རྒྱུད་སོགས་ཀྱིས་དུས་རིམ་རིང་མོ་ཞིག་གི་དོན་བསྟན་དུ་ཡོད་དེ།《དབུ་ནག་མིའི་འདྲ་ཆགས》དང 《གནག་རབས》《རྟ་རྐྱང་དབྱེ་བའི་རབས》སོགས་ཀྱིས་བོད་པའི་ལྷ་རབས་དང་མི་རབས། སྲོག་ཆགས་ཀྱི་རབས་སོགས་མཚོན་པ་ལྟ་བུ། གཞན་གཏམ་རྒྱུད་ཅེས་པའི་རྒྱུད་ཀྱི་གོ་བའང་དེའི་དོན་དང་མཚུངས།

ལྷག་ཏུ་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་འབྲེལ་བར་གཞིགས་ཚེ། བོད་པའི་གཏམ་རྒྱུད་རིག་གནས་དང་སློབ་གསོའི་རྒྱབ་ལྗོངས་མ་རྟོགས་ཚེ་ལོ་རྒྱུས་གོ་དཀའ་བ་ཏུན་ཧོང་གི་ཡིག་རྙིང་ལས་ཤེས་ཏེ། དེའི་མཚུངས་དཔེར། བློན་ཁྱུང་པོ་སྤུང་ཟད་ཟུ་ཙེས་རང་གི་ཆེ་བའི་ལོ་རྒྱུས་བརྗོད་ཕྱིར་འབྲོང་དང་རྒོད་བསད་ཚུལ་གྱི་མགུར་གཏམ་གྱེར་ནས་དོན་བྱ་སྟོན་པ་དང་། ཁྲི་འདུས་སྲོང་གིས་མགར་བུ་རྗེ་རུ་རེ་བའི་སྟོང་བསམ་བཀག་ཕྱིར། འགྲེང་དུད་དཔེ་ཁྱད་དུ་དྲངས་པ་དང་། དོག་སྲིན་དང་སྦལ་པ་མཁའ་རུ་འཕུར་འདོད་ཀྱི་གཏམ་རྒྱུད་གཞི་མར་བྱས་ནས་བརྗོད་པ་ལྟ་བུ། གང་ལྟར་ན། རང་རེའི་རྒྱལ་རབས་ཆོས་འབྱུང་དག་ཏུའང་། རྒྱལ་རབས་ཉེར་བདུན་བར“ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས”ཞེས་པའི་མཐར་ཐུག་པའི་དོན་སྙིང་ནི་སྐབས་དེའི་སྤྱི་ཚོགས་ལྷ་རབས་མི་རབས་ཀྱི་རིག་གནས་དང་ཆོ་ག་ཆོས་སྤྱོད་ཀྱི་ཆོས་ལུགས་བསམ་བློ་དང་རིག་གནས་སློབ་གསོས་བསྐྱངས་པར་གོ་བའོ། །

བཞི། གཏམ་རྒྱུད་ནི་སློབ་གསོར་འཇུག་པའི་མན་ངག་གི་བདུད་རྩི་ཡིན།

སློབ་གསོ་ནི་རིག་པ་སློབ་པ་དང་སྤྱོད་པ་གསོ་བ་གཉིས་ཀར་གོ་སྟེ། སྒྲ་ཡངས་འཇུག་ཏུ་ནི། འགྲོ་བ་མི་ཡར་སྐྱེད་དུ་འགྲོ་བར་ཕན་པའི་རིག་པ་ཐམས་ཅད་ཀྱི་སྦྱངས་བར་ཟེར། གང་དག་གི་རིག་པ་སློབ་པར་ཐབས་དང་ཤེས་རབ་དགོས་ལ། དེ་ལྟའི་སློབ་གསོར་བྱམས་དང་འཇམ། སྙིང་རྗེ་དང་འགུག་ཤུགས། མིག་རྐྱེན་དང་དངོས་ཁྲིད་ཀྱི་ཁྱད་ཆོས་འཛོམས་དགོས་ལ། གཏམ་རྒྱུད་རིག་གནས་ཀྱི་སློབ་གསོར་ཡོན་ཏན་དེ་དག་ལྡན་པས་ན་གཏམ་རྒྱུད་ནི་སློབ་གསོར་འཇུག་པའི་མན་ངག་གི་བདུད་རྩི་ཡིན་ཞེ་ན་བདེན་པའི་གཏམ་དུ་ངེས།

རང་རེའི་སློབ་གསོའི་ལམ་རིམ་དཔེར་བྱས་ཀྱང་། ཆུང་དུས་ནས《ཕ་སྤྲེལ་རྒན་དང་མ་བྲག་སྲིན》གྱི་གཏམ་རྒྱུད་ཐོས། ལག་ཆགས་རྗེས།“རྒན་མོ་གསེར་ཁུར”དང“མོན་ཡུལ་རྡོར་གཅོད”སོགས་ཀྱི་གཏམ་རྒྱུད་ཐོས། དེ་ལྟའི་གཏམ་རྒྱུད་ནི། རང་རེའི་སྲིད་ཀྱི་རྒྱལ་རབས་དང་ཆོས་ཀྱི་བྱུང་བར་ཁྱབ་ཅིང་གནས། དེའི་རྐྱེན་པས་དེབ་ཐེར་མང་ཆེ་བར་ལོ་རྒྱུས་དང་གཏམ་རྒྱུད་བསྲེས་བསྲེས། ལྷ་དང་མི་འདྲེས་འདྲེས། ལྷ་རབས་དང་མི་རབས་མཚུངས་མཚུངས་སོགས་ཡོང་དགོས་དོན་རྐྱེན་དེར་ཐུག དེ་ནི་རང་རེའི་སྔ་དུས་སྤྱི་ཚོགས་རིག་གནས་ཀྱི་ཁོར་ཡུག་ཏུ་གཏམ་རྒྱུད་ཀྱི་སློབ་གསོ་དར་ཆེ་བའི་རྐྱེན་ཡིན་པ་ལས་ཞོ་འོ་མ་འབྱེད་མ་ཤེས་པའམ་དུ་བ་དང་རླངས་པ་ནོར་བ་འདྲའི་ལོ་རྒྱུས་དང་གཏམ་རྒྱུད་སོ་སོར་མ་རྟོགས་པ་དེ་འདྲ་ནི་ཅི་ནས་ཀྱང་མིན་པར་སེམས།

མདོར་ན་བྱིས་པ་དང་ན་གཞོན་ནི་རིག་པ་གསལ་དུས་དང་ངོ་མཚར་བསྐྱེད་དུས་ཡིན་པས། དེ་རིགས་ལ་སློབ་གསོ་གཏོང་དུས། དེ་ལྟའི་སློབ་གསོ་ནི་དྲག་གཅོད་ཀྱིས་མི་འགྲོ་ལ། རྩིང་ཆགས་ཀྱིས་མི་ཉན་ཞིང་ཧང་ཟོམ་གྱིས་ནི་དེ་བས་མི་རིགས་ཏེ། ཡོད་ཡོད་ལྡུད་ལྡུད་ཀྱིས་ཀྱང་བློའི་སྣོད་དུ་སྡོད་པའང་ལར་ནས་མི་ཡོང་། བྱིས་པ་དག་གི་བློ་ངོར་ཆགས་པ་དང་ངེས་པ། སྨིན་པ་དགོས་ན་གཏམ་དང་གཏམ་རྒྱུད་ཀྱི་རིག་གནས་སློབ་གསོར་བསྟེན་དགོས། དེས་ད་གཟོད་བྱིས་པའི་རིག་པ་འདྲེན། བསམ་པའི་སྒོ་ཡངས་ཕྱེ། འཇིག་རྟེན་ལ་ཉམས་སྣང་བསྐྱེད། ཤེས་འདོད་ཀྱི་འདུན་པ་སླེབས། སྦྱངས་འདོད་ཀྱི་མྱུ་གུ་འབུས། རང་འགུལ་གྱི་བསམ་པ་འབྱུང་། དེས་ལོ་རྒྱུས་ལ་ངེས་ཤེས་སླེབས། འཚོ་བར་སྤྲོ་བ་འཕེལ། འཇིག་རྟེན་ལ་ལྟ་ཚུལ་ཆགས། སློབ་གསོར་རིན་ཐང་རྙེད་པ་སོགས་གང་རྒུའི་ཕན་ནུས་ཐོན་པའོ། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号