ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད་ཀྱི་སློབ་གསོའི་རིན་ཐང་གླེང་བ།
ཚེ་རིང་ལྷ་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།
བོད་པ་རྣམས་ཀྱིས་གནའ་སྔ་མོའི་དུས་ནས་མི་ཆོས་སློབ་གསོ་གཙིགས་ཆེན་དུ་འཛིན་ལ། བཙན་པོའི་རྒྱལ་རབས་ཀྱི་དུས་ནས་མི་ཆོས་སློབ་གསོ་དེ་དག་ཡི་གེའི་ལམ་ནས་མཚོན་པར་བྱས་ཡོད། དཔེར་ན། ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ P.T.1283《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ།》དངP.T.992.1《མྱིའི་སྤྱོད་ལམ་བྱེ་བྲག་ཏུ་བསྟན་པ།》དང P.T.992.4《སུམ་པའི་མ་ཤགས་ཆེན་མོ 》དང་། P.T.935《མྱི་ཆོས་ཐོར་བུ》ལྟ་བུ་ཡིན། བཙན་པོའི་རྒྱལ་རབས་ཀྱི་དུས་ནང་བའི་བསྟན་པ་བོད་དུ་དར་ནས་བོད་རང་སའི་མི་ཆོས་བསམ་བློ་དང་ནང་བསྟན་གྱི་མི་ཆོས་བསམ་བློ་གཅིག་འདྲེས་བྱུང་བ་ལས་བོད་ཀྱི་སློབ་གསོའི་མ་ལག་ཆགས། བསྟན་པ་ཕྱི་དར་གྱི་དུས་འགོར་ཇོ་བོ་རྗེ་བོད་དུ་ཕེབས་པ་དང་ནང་བསྟན་རྒྱ་ཆེར་དར་ཞིང་། ཆོས་རྒྱུད་གྲུབ་མཐའ་མང་པོས་རང་རང་གི་ལུགས་ཀྱི་མདོ་སྔགས་གཞུང་འཆད་ཁྲིད་ཀྱི་མཛད་འཕྲིན་སྤེལ་ཞིང་། དུས་རབས་རིམ་བྱོན་གྱི་མཁས་ཆེན་དག་གིས་སློབ་གསོ་དང་འབྲེལ་བའི་ཞལ་གདམས་དང་། བསླབ་བྱ། ལེགས་བཤད་སོགས་ཀྱིས་མཚོན་པའི་རྩོམ་རིག་བརྩམས་ཆོས་སྣ་ཚོགས་བརྩམས་པ་དེས་བོད་མིའི་མི་ཆོས་ཀུན་སྤྱོད་དང་སློབ་གསོའི་འཕེལ་ཕྱོགས་ལ་ནུས་པ་བླ་མེད་ཐོན།
དང་པོ། རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
ཡོངས་གྲགས་སུ་རྫ་དཔལ་སྤྲུལ(སྤྱི་ལོ1808-1887)མཆོག་ནི་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་ཞིང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། ཕྱིས་སུ་མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་། རྡོ་བླ་འཇིགས་མེད་སྐལ་བཟང་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་དྲུང་ནས་ངལ་གསོ་སྐོར་གསུམ་དང་། སྤྱོད་འཇུག་རྩ་རྒྱུད་གསང་བ་སྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང་རིག་གནས་བཅས་གསན། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མཁས་མཆོག་དུ་མ་ལས་བཀའ་བསྟན་འགྱུར་རོ་ཅོག་དང་། རྙིང་མའི་ཀུན་མཁྱེན་ཡབ་སྲས། ས་པཎ། རྗེ་ཙོང་ཁ་པ་སོགས་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད། རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་མཐའ་ཡས་པ་གསན་ཞིང་སྒོམ་སྒྲུབ་ལ་གཞོལ་བས་རྟོགས་པ་ཚད་མེད་འཁྲུངས། དགུང་ལོ་སུམ་ཅུའི་ནང་སློབ་མའི་ཚོགས་ལ་རྒྱུད་གསང་བ་སྙིང་བོའི་ལྗགས་ཁྲིད་རྒྱས་པར་གནང་། གསེར་ཐར་དང་རྡོ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ《སྤྱོད་འཇུག》དང་། 《མ་ཎི་བཀའ་འབུམ》 《བདེ་སྨོན》སོགས་ཀྱི་ཆོས་སྦྱིན་གྲངས་མེད་བསྩལ། རྗེ་འདི་ཉིད་སྔ་འགྱུར་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་ཆོས་སྒོ་སྤྱི་དང་། སྒོས་སུ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཟབ་ལམ་གདམས་པའི་བླ་བརྒྱུད་དུ་གྱུར་པར་མ་ཟད། ས་དགེ་བཀའ་གསུམ་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་མཛད་པས་རྫ་དཔལ་སྤྲུལ་རིན་པོ་ཆེ་ཞེས་སྙན་གྲགས་ཁ་བའི་ལྗོངས་ཀུན་ལ་ཁྱབ། ཁོང་ལ་གསུང་འབུམ་པོད་བརྒྱད་བཞུགས་ཤིང་། འདིར་བརྗོད་པའི་ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད་ནི་ཞལ་གདམས་ཚན་པ་ཞིག་ཡིན།
གཉིས་པ། བརྗོད་དོན་གྱི་སློབ་གསོའི་རིན་ཐང་།
ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད་དུ་མིའི་ལུས་ངག་ཡིད་གསུམ་དང་འགྲོ་འདུག་སྤྱོད་གསུམ་གྱི་སྤང་བླང་འཇུག་ཚུལ་ཚིག་ཉུང་དོན་བསྡུས་ཀྱིས་བསྟན་ཡོད། བརྗེད་མི་ཉན་པ་གསུམ་ཡོད་དེ། བཀའ་དྲིན་ཅན་གྱི་བླ་མ་དང་། ཐུགས་རྗེ་ཅན་གྱི་སངས་རྒྱས། དྲན་པ་དང་ཤེས་བཞིན། དྲན་དགོས་པ་གསུམ་ཡོད་དེ།བསླབ་པ་སྦྱིན་པའི་མཁན་པོ་དང་། བསླབ་པ་སྟོན་པའི་ཆོས། བསླབ་བྱ་དམ་སྡོམ། ཡོད་དགོས་པ་གསུམ་ཡོད་དེ། ལུས་ན་སེམས་དང་། མལ་ན་ལུས། སེམས་ན་ལྷོད། བརྗེད་ན་དགའ་བ་གསུམ་ཡོད་དེ། ཁྲོ་བའི་དགྲ་དང་། ཆགས་པའི་ཡུལ། གཏི་མུག་གཉིད། འཛིན་ན་དགའ་བ་གསུམ་ཡོད་དེ། ཚོགས་སུ་ཁ་དང་། གཅིག་པུར་ལག ནམ་ཡང་སེམས། གསང་དགོས་པ་གསུམ་ཡོད་དེ། རང་གི་ཡོན་ཏན་དང་། གཞན་གྱི་སྐྱོན། ཕྱིན་ཆད་ཀྱི་བསམ་བློ། བསྟུན་དགོས་པ་གསུམ་ཡོད་དེ། གཏམ་གྲོགས་དང་བསྟུན་པ་དང་། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན། གཏམ་གྱིས་སྨོད་མི་ཉན་པ་གསུམ་ཡོད་དེ། ཡུལ་སྡེས་བརྩི་བའི་མི་དང་། གཞན་གྱིས་བཙོང་རྒྱུའི་ནོར། རང་ལ་བརྩེ་བའི་བཤེས། བསྟོད་མི་ཉན་པ་གསུམ་ཡོད་དེ། ཀུན་གྱིས་སྨད་པའི་མི་དང་། རང་མཐོང་ཅན་གྱི་གླེན་པ། ཅང་མི་ཤེས་པའི་བྱིས་པ། བསྟོད་སྨད་གཉིས་ཀ་མི་ཉན་པ་གསུམ་ཡོད་དེ། རང་གི་ཉེ་འབྲེལ་དང་། རྒྱུས་མེད་ཀྱི་བླ་མ། ལར་སུ་ལ་ཡང་བཅས་བླང་བྱ་རྣམ་གྲངས་རིགས་བཅུ་དྲངས་པ་དང་།ངོམ་མི་ཉན་པ་གསུམ་ཡོད་དེ། གློ་བུར་གྱི་ངེས་འབྱུང་དང་། གཡོ་སྒྱུའི་ཁུག་མགོ། འཕྲལ་གྱི་དགེ་སྦྱོར། འགྲོར་མི་ཉན་པ་གསུམ་ཡོད་དེ། འཁོན་གྱི་གསེབ་དང་། མང་པོའི་ཚོགས། རྩེད་མོའི་གྲལ། བཤད་མི་ཉན་པ་གསུམ་ཡོད་དེ། མི་མོས་པ་ལ་ཆོས་དང་། མ་འདྲིས་པ་ལ་ལོ་རྒྱུས། མི་སྲིད་པའི་སྐད་ཆ། མི་དགོས་པ་གསུམ་ཡོད་དེ། གྲོགས་ལ་དགའ་སྡུག་དང་། གཏམ་ལ་འགྱུར་ལྡོག བྱ་བ་ལ་ངོ་ལྐོག བྱེད་མི་ཉན་པ་གསུམ་ཡོད་དེ། རང་མཐོང་གི་འགྱིང་དང་། གཞན་གྱི་བླ་བཙག སུ་ལའང་བརྙས་བཅོས། འཆོར་མི་ཉན་པ་གསུམ་ཡོད་དེ། མཐོན་པོ་ལ་རྒྱུ་དང་། ཟོག་པོ་ལ་དད་པ། སུ་ལའང་སྙིང་གཏམ། བརྟག་མི་ཉན་པ་གསུམ་ཡོད་དེ། མཛེས་མའི་ལུས་དང་། གྲོགས་ཀྱི་བྱ་བ། རང་གི་ཡོན་ཏན། ཉན་མི་ཉན་པ་གསུམ་ཡོད་དེ། གཞན་གྱི་བསྟོད་པ་དང་། ཨ་གསར་གྱི་སྐད་ཆ། ཤེས་མེད་ཀྱི་ཁ་ཏ། ཡིད་ཀྱིས་སྨོན་མི་ཉན་པ་གསུམ་ཡོད་དེ། ཕྱུག་པོའི་རྒྱུ་དང་། མཐོན་པོའི་ཐོབ། འཕྱོར་པོའི་རྒྱན་བཅས་སྤང་བྱ་རྣམ་གྲངས་རིགས་དགུ་དྲངས་ཏེ། མི་རྣམས་ལ་དུས་རྒྱུན་གྱི་འཚོ་བའི་ཁྲོད་སྐད་ཆ་བཤད་སྟངས། ཡིད་ཀྱི་བསམ་ཚུལ། བྱ་བ་སྒྲུབ་སྟངས་སོགས་ཀྱི་ཐད་ལེགས་ཉེས་སྤང་བླང་གི་འཇུག་ཚུལ་གསལ་བོར་མཚོན་ཞིང་མ་རབས་ཐ་ཤལ་གྱི་ལམ་ལོག་ཏུ་མི་འགྲོ་བར་ཡ་རབས་གཞུང་དྲང་དང་། ངོ་ཚ་ཁྲེལ་ཡོད། དྲན་ཤེས་བརྟན་པ། བག་ཡོད་ཚུལ་ལྡན་གྱི་མི་ཞིག་བྱ་དགོས་པའི་མི་ཆོས་སློབ་གསོའི་གདམས་ངག་བསྟན།
གསུམ་པ། སྒྲིག་གཞི་དང་རྗོད་བྱེད་ཚིག་གི་ཁྱད་ཆོས།
ཞལ་གདམས་འདིར་ཐོག་མར་བུ་ཤྲཱིའི་ཡིད་ལ་ངེས་རྒྱུ་ཞེས་འགོ་བརྩམས་ཏེ་བར་དུ་དྲན་པ་དང་ཤེས་བཞིན་གྱི་སྤང་བླང་གི་རྣམ་གྲངས་བྱེ་བྲག་ཏུ་བཀོད་ཡོད།《ཀུན་བཟང་བླ་མའི་ཞལ་ལུང》ལས།“དྲན་པ་སྟོད་ཕུར་ལྟ་བུ་ཡིན་ཏེ། དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་སོགས་སྤང་བླང་གི་གནས་དང་། ཆོས་ཀྱི་ཚིག་དོན་སོགས་མི་བརྗེད་པར་ཡིད་ལ་ཐད་ཀ་ནས་དྲན་པའོ། ། ཤེས་བཞིན་བྱ་ར་བ་ལྟ་བུ་ཡིན་པས། དུས་རྒྱུན་དུ་རང་གི་ལུས་ངག་ཡིད་གསུམ་གྱི་སྐབས་ལ་བརྟགས་ཤིང་དཔྱད་ནས། ལུས་འགྲོ་འདུག་ངག་སྨྲ་བརྗོད་སེམས་ཀྱི་རྣམ་རྟོག་ཀུན་ལ་བརྟགས་ནས་ཅི་བྱེད་ཅིང་འདུག ཅི་བཤད་པར་འདུག ཅི་བསམ་ནས་འདུག་བསམ་སྟེ་ལུས་ངག་ཡིད་གསུམ་གྱི་དགེ་བ་ཞིག་ཡིན་ན།དགའ་བ་བསྒོམ་ན་གོང་འཕེལ་དུ་འགྲོ། མི་དགེ་བ་ཞིག་ཡིན་ན་སེམས་ཐོག་ནས་སྤངས་པའི་གཉེན་པོ་བརྟེན་དགོས་སོ”ཞེས་དྲན་པ་དང་ཤེས་བཞིན་གྱི་མཚན་ཉིད་གསུངས་ཡོད། ཇོ་བོ་རྗེས།“གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན།” ཞེས་གསུངས་པ་ལྟར་མཇུག་ཏུ་ཆོས་འཇིག་རྟེན་གཉིས་ཀའི་དོན་འདུས་པའི་ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད་ནི་ཡོངས་གྲགས་སུ་རྗ་དཔལ་སྤྲུལ་མཆོག་ལ་རང་གི་བླ་མ་རྣལ་འབྱོར་བ་དྲི་མེད་བློ་གྲོས་ཀྱིས་གདམས་པ་བཞིན་བྲིས་པའི་ཞལ་གདམས་ཞིག་ཡིན་ཞིང་། འདིའི་ཟབ་དོན་ཉམས་སུ་ལེན་པ་དང་བརྗེད་མི་རུང་བའི་རེ་བ་དང་འབོད་སྐུལ་བཏང་ཡོད། ཞལ་གདམས་འདི་ནི་ལེགས་བཤད་དང་བསླབ་བྱའི་རྩོམ་རིག་གཞན་དང་མི་འདྲ། འཇམ་མགོན་ས་པཎ་གྱི་གསུངས་ལས།“དོན་འདུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས”ཞེས་པ་བཞིན་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་བརྗོད་པས་སེམས་ལ་འཛིན་བདེ་བ་དང་། ཆོས་འཇིག་རྟེན་གཉིས་ཀའི་སྤང་བླང་གི་གནས་ལ་ཇི་ལྟར་འཇུག་ཚུལ་ཁ་གསལ་གོ་བདེའི་ངང་ནས་དྲང་བོར་བརྗོད་པ་ལས་སྙན་ངག་གི་རྒྱན་དང་། རིག་བྱེད་གཏམ་རྒྱུད། དཔེ་འཇོག་སོགས་ཅི་ཡང་བཀོལ་མེད་པས་སྤང་བླང་གི་གནས་ལུགས་ཟབ་མོ་ཚིག་ཉུང་གནད་དུ་ཕོག་པས་བརྗོད་དེ་གཞུང་ཚད་ཀྱི་བཀོད་སྒྲིག་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན། དབྱེ་གཞི་སྤང་བླང་གི་འཇུག་ཚུལ་རྣམ་གྲངས་བཅུ་དགུ་བོར་དགག་སྒྲའི་ཕྲད་མི་དང་ལྷག་བཅས་ཀྱི་ཕྲད་དེ་བཀོད་ནས་དབྱེ་ཆོས་གསུམ་རེ་དྲངས་ཤིང་། སྤང་བླང་གི་ཆ་རྣམས་བྱེ་བྲག་ཏུ་བསྟན་ཏེ་ནན་ཏན་དུ་བརྗོད་པ་དང་། དམ་བཅའ་བའི་ལྷག་བཅས་ཀྱི་ཁྱད་ཆོས་ལྡན་པར་བྱས་ཏེ་ངེས་ཚིག་གསལ་བོར་བྱས། ཚིག་ཕྲེང་སྔ་ཕྱི་བར་སྦྲེལ་མཐུད་དང་ལྡོག་ཟླའི་ཚིག་སྦྱོར་གྱིས་སྤང་བླང་གི་ཆ་གང་ཡིན་པ་གསལ་ཁ་བཏོན་ཡོད།
མིའི་རིགས་ཀྱི་འཕེལ་རྒྱས་ནི་མི་ཆོས་སློབ་གསོ་ལེགས་པོ་དང་ཁ་འབྲལ་ཐབས་མེད་ཅིང་། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་སློབ་གསོ་ལེགས་པོ་ཡིས་འགྲོ་བ་མིའི་སེམས་རྒྱུད་འདུལ་སྦྱོང་བྱས་ཏེ་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བར་སྣེ་ཁྲིད་བྱེད། མི་གཞི་ཀུན་སྤྱོད་ལེགས་པོ་ཞིག་ཆགས་རྒྱུ་ནི་སློབ་གསོའི་དམིགས་ཡུལ་ཡིན་ཞིང་། དུས་རྒྱུན་གྱི་འཚོ་བའི་ནང་ཞལ་གདམས་འདི་ལས་བསྟན་པའི་ལུས་ངག་ཡིད་གསུམ་དང་འགྲོ་འདུག་སྤྱོད་གསུམ་གྱི་སྤང་བླང་འཇུག་ཚུལ་ལ་ལེགས་པོར་ཞུགས་ན། མི་གཞི་ཀུན་སྤྱོད་དང་མི་ཚེ་ལམ་ཕྱོགས་ཡང་དག་པ་ཞིག་ཏུ་བསྐྱོད་པར་ཆ་རྐྱེན་བསྐྲུན་ངེས། མི་གཞི་ཀུན་སྤྱོད་ལེགས་པོ་ཆགས་རྒྱུ་ནི་མི་གཞན་ཁོ་ན་ལས་བསླབ་དགོས་པ་མ་ཡིན་པར་ནམ་རྒྱུན་རང་གིས་རང་ལ་དྲན་ཤེས་བག་ཡོད་ཚུལ་དང་མཐུན་པར་བརྟེན་ན། རང་ཉིད་ཀྱི་སྐྱོན་ཡོན་མཐོང་བ་དང་ཆུང་དུས་ནས་འཇིག་རྟེན་གྱི་བྱ་བའི་ལེགས་ཉེས་བརྡར་གཅོད་ཤེས་པ། ཡང་དག་པའི་སྒོ་ནས་མི་ལ་བརྟག་ཤེས་འགྲོགས་ཤེས་བྱེད་པ། རང་གཞན་གཉིས་ལ་མི་གནོད་པའི་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་སྟངས་ལེགས་པོ་ཆགས་ཐུབ། སྲོལ་རྒྱུན་གྱི་མི་ཆོས་སློབ་གསོ་བཟང་པོ་འདིས་མི་རྣམས་ལ་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་ལེགས་པོ་ཆགས་པར་འབོལ་སྐུལ་དང་སྣེ་ཁྲིད་བྱས་ཡོད་དོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注