ཤ་བོ་སྐྱབས་ཀྱིས་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དུ་བརྟག་ཞིབ་གནང་སྐབས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་རིག་དངོས་གསོན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཟླ4བའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱིས་གསར་བརྗེའི་བཙན་ས་བཏོད་དེ་གསར་བརྗེའི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་སོགས་ཀྱི་གཙོ་གནད་བྱ་བ་ཡག་པོར་སྒྲུབ་རྒྱུར་དམིགས་ནས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་དང་མཉམ་དུ་མདའ་བཞི་རྫོང་གི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དུ་ཡུལ་དངོས་ནས་གཞུང་དོན་སྤེལ་ལ། མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་བྱེ་ལམ་སྲུང་སྐྱོང་། རྩྭ་ར་བཅོས་སྐྱོང་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།
དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པ་ནི1967ལོའི་ཟླ4བར་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་གི་ཁེ་ཐུའུ་ནུབ་ནས་བར་ཐག་ཧ་ལམ4KMཡོད་པའི་ཧི་མ་རྩྭ་ཐང་དུ་ཡོད་པ་དང་། རང་རྒྱལ་གྱི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ(རྒྱལ་གཉེར་གཉིས་གཉིས་གཅིག་བཟོ་གྲྭ)སྲུང་སྐྱོབ་བྱེད་པའི་ལས་འགན་ཁུར་ཡོད། དེ་ནི་ཐད་ཀར་ལན་གྲུ་དམག་ཁུལ་གྱི་མཁའ་དམག་དོ་དམ་གྱི་ཁོངས་སུ་གཏོགས་པ་དང་། 1993ལོའི་ཟླ5བར། སྲུང་སྐྱོབ་ལས་འགན་ལེགས་གྲུབ་བྱུང་ནས་ཕྱིར་འཐེན་བྱས་པ་རེད།
ཤ་བོ་སྐྱབས་ཀྱིས་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་ནི་མཚོ་བྱང་གིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། རྒྱལ་སྲུང་སློབ་གསོ་དང་གསར་བརྗེའི་སློབ་གསོ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཁྱད་ལྡན་ནང་དོན་ཞིག་ཀྱང་ཡིན། སྲུང་སྐྱོབ་ནུས་ལྡན་བྱེད་མ་ཐུབ་པའི་རྐྱེན་གྱིས་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས་པ་དང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་མེད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་གཞིར་བཟུང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་འགན་འཁྲི་དང་འགན་ཁུར་འཁུར་ཕོད་པ་བྱེད་དགོས་ལ། དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་གནས་ཡུལ་དང་ཁོར་ཡུག་ཉམས་གསོ་དང་བཅོས་སྐྱོང་བྱེད་ཚད་མགྱོགས་སུ་བཏང་ནས། མཚོ་བྱང་གི་གསར་བརྗེའི་བཙན་ས་གསར་བ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注