མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།
ཟླ4བའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་དང《འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་མིང་རྟགས་འགོད་པའི་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་ཐུའུ་ཆིང་ཡུན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ནས《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་སློབ་གཙོ་གཞོན་པ་མ་ཏེ་མིང་གིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་ལ་ཐུགས་ཁུར་དང་རོགས་རམ། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་ས་གནས་ཀྱི་སློབ་གསོའི་བྱ་གཞག་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མི་རིགས་རིག་གནས་འཛུགས་སྐྱོང་བཅས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུར་གཞོལ་བ་དང་། ས་གནས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུར་གཞོལ་བ། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། རང་ཞིང་དང་རྒྱལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། དུས་ཡུན་རིང་བོར་འཐབ་ཇུས་མཉམ་ལས་བྱེད་རིང་མཚོ་བྱང་དང་མཚོ་སྔོན་དགེ་འོས་སློབ་ཆེན་དབར་སྤུན་ཟླའི་བརྩེ་དུང་ཟབ་མོ་ཆགས་ཡོད་ལ། མཚོ་བྱང་གི་མགོ་ཁྲིད་ལས་བྱེད་དང་སློབ་གྲྭའི་དགེ་རྒན། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་བཅས་གང་མང་ཞིག་མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཐོན་པ་དང་། ལས་གནས་ཐོག་སློབ་སྐྱོར་བྱེད་མཁན་གྱི་དགེ་འོས་སློབ་ཆེན་གྱི་སློབ་མས་ཀྱང་མཚོ་བྱང་སློབ་གསོའི་འཐབ་ཕྱོགས་ཐོག་ནུས་པ་གལ་ཆེན་ཐོན་གྱི་ཡོད། མཚོ་བྱང་ནི་རྒྱབ་ཕྱོགས་མདོ་ལ་རིང་མོ་དང་མདུན་ཕྱོགས་མཚོ་སྔོན་པོར་གཏད་ཡོད་ལ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་གཏིང་ཟབ་པ། རང་བྱུང་ཡུལ་ལྗོངས་མཛེས་སྡུག་ལྡན་ལ། རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་ཡུལ་དང་། “གསར་བརྗེ་དང་ལྗང་མདོག ཁྱད་ལྡན”བཅས་ཀྱི་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར་མཚོ་བྱང་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཏོད་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་སྐྱེད་རྟེན་གཞི་ཆེ་གྲས་གསུམ་པ་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་བ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། “དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་གདམ་ག་ཞིག་ཡིན་པར་བསྟན།
ཤ་བོ་སྐྱབས་ཀྱིས་ཐེངས་འདིར་གན་རྒྱ་བཞག་པ་ནི་ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་མགོ་འཛུགས་ས་གསར་བ་ཞིག་ཡིན་པས་ཕྱོགས་གཉིས་ཀྱིས་ཐོན་སློབ་ཞིབ་གསུམ་མཉམ་ལས་དང་། ཤེས་ལྡན་པ་གསོ་སྐྱོང་། རྨང་གཞིའི་སློབ་གསོ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་སྲུང་སྐྱོབ། ཁྲིམས་སྐྱོང་འཛུགས་སྐྱོང་སོགས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་དང་། སློབ་གྲྭ་དང་ས་གནས་ཀྱི“ཕྱོགས་གཉིས་ནུས་པའི”བྱེད་སྟངས་གསར་བ་དང་ཕྱོགས་གཉིས་གས་གཉིས་ཕན་གྱི་དཔེ་མཚོན་གསར་བ་ཐུན་མོང་ཐོག་གཏོད་པའི་རེ་བ་ཡོད་ལ། མཚོ་བྱང་གི་དམིགས་བསལ་གྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་མཚོ་བྱང་དུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་གསར་བརྗེའི་སློབ་གསོ་ལག་ལེན་སློབ་ཁྲིད་རྟེན་གཞི་འཛུགས་པ་དང་དགེ་འོས་སློབ་ཆེན་གྱི་ལས་བྱེད་པ་དང་དགེ་སློབ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པར་བསྐྱོད་པ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་དང་། ལོ་རྒྱུས། མར་ཁེ་སིའི་རིང་ལུགས། རྒྱུན་མཐུད་སློབ་གསོ། ལུས་རྩལ། མཛེས་རྩལ་དང་རོལ་དབྱངས་སོགས་ཀྱི་སློབ་གྲྭ་ཆེན་མོའི་ཤེས་ལྡན་མི་སྣ་དང་ཆེད་ལས་རིག་ཚན་གྱི་དགེ་མཚན་འདོན་སྤེལ་བྱ་དགོས། མཚོ་བྱང་གི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། “རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ལ་སྐུལ་འདེད། ལོ་རྒྱུས་རིག་གནས་ཤུལ་བཞག་དང་གནའ་བོའི་བཟོ་སྐྲུན་རྒྱུན་འཛིན་སྲུང་སྐྱོབ་བེད་སྤྱོད། སྲོལ་རྒྱུན་དམངས་སྲོལ་སྔོག་འདོན། ནུབ་ལམ་དམག་དཔུང་གི་སྙིང་སྟོབས་ལེགས་སྒྲིག ལས་བྱེད་པའི་ནུས་པ་ཆེར་གཏོང་། མི་རིགས་ལུས་རྩལ་འཕེལ་རྒྱས། ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་གཏོད་པ། བསམ་པའི་བཙན་ས་གཏོད་པ། རིག་རྩལ་བརྩམས་ཆོས་གསར་རྩོམ། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་གཉེར་བ་སོགས་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཞིབ་འཇུག་ཁང་གི་ཚན་ཞིབ་སྟོབས་ཤུགས་ལ་བརྟེན་ནས་གསར་བརྗེའི་སློབ་གསོ་གསོ་སྦྱོང་དང་རིག་གཞུང་ཞིབ་འཇུག རིག་གནས་དྲིལ་སྒྲོག གནའ་ཤུལ་སྲུང་སྐྱོབ་སོགས་ཀྱི་ཐད་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་མཉམ་དུ་མཚོ་བྱང་གི་ཁྱད་ཆོས་དང་འཚམ་པའི་གསར་བརྗེའི་སློབ་ཁྲིད་སློབ་ཚན་སྔར་བས་མང་བ་འཚོལ་ཞིབ་གསར་སྤེལ་བྱས་ནས་མཚོ་བྱང་གི་གསར་བརྗེའི་སློབ་ཁྲིད་ལ་དགེ་རྒན་གྱི་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་དགོས། ཐུན་མོང་ཐོག“ཀྲུང་གོའི་རྡུལ་ཕྲན་མཁར”དེ་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོའི་རྟེན་གཞི། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་སུ་བསྐྲུན་དགོས་པ་ནན་གྱིས་བསྟན།
མའོ་ཞུའེ་རུང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཉེར་གནས་ཚུལ་ངོ་སྤྲོད་བྱས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན་པའི་མཚོ་བྱང་ཁུལ་གྱིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསར་བརྗེའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་སྤེལ་བའི་ཐད་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད་ལ། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་ནི“མཚོ་གཅིག་དང་ས་ཁུལ་གཉིས། ཆུ་བོ་གསུམ”གྱི་འགག་རྩར་གནས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གལ་ཆེན་དང་། མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མང་བའི་རིག་གནས་སྣ་མང་འདུས་ས་བཅས་ཡིན་པས་ཕྱོགས་གཉིས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་གཅིག་རྒྱུན་གཅིག་འཛིན་དང་མཉམ་དུ་བསྐྱོད་ཡོད། ལོ་མང་རིང་དགེ་འོས་སློབ་ཆེན་གྱིས་མཚོ་བྱང་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་མཐོང་ཆེན་དང་གཅེས་སྤྲས་བྱས་པས་ཕྱོགས་གཉིས་ཀར་ཁྱབ་ཁོངས་མང་པོའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པར་བསྟན།
མའོ་ཞུའེ་རུང་གིས་དམ་ཟབ་ཀྱི་བརྗེ་རེས་མཉམ་ལས་སྲ་བརྟན་དང་མཐོ་རུ་བཏང་ནས་ས་ཁུལ་དང་སློབ་གྲྭའི་མཉམ་ལས་ཀྱི་རྣམ་པ་གསར་བ་གཏོད་ཆེད། ཕྱོགས་གཉིས་ཀྱི་ལས་ཁུངས་སོ་སོས་སྦྲེལ་མཐུད་བརྗེ་རེས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པའི་རྨང་གཞིའི་ཐོག ཁུལ་དང་སློབ་གྲྭ་གཅིག་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དང་ཆེད་དོན་གྲོས་མཐུན8བཟོས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། རིག་གནས་ལུས་རྩལ་ཡུལ་སྐོར། སློབ་གསོ་སློབ་ཁྲིད་སོགས་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་རྒྱ་ཁྱབ་ངང་སྤེལ་རྒྱུ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་མཉམ་ལས་ཁྲོད་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། གཉིས་ཕན་གཉིས་རྒྱལ་གྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁུལ་དང་སློབ་གྲྭའི་མཉམ་ལས་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན།
དེའི་རིང་ཤ་བོ་སྐྱབས་འཁོར་དང་བཅས་པས་མཚོ་སྔོན་དགེ་འོས་སློབ་གྲྭའི་ལོ་རྒྱུས་ཁང་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འགྲེམས་སྟོན་ཁང་། གསར་འགྱུར་སློབ་གླིང་གི་སྨྱན་སྦྱོར་འཁྲབ་གཏོང་ཁང་བཅས་ལ་ལྟ་སྐོར་བྱས།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧའེ་ཞིང་དང་། ཡེ་ཁྲེང་ཧྥུའུ། ཏུང་ཀྲན་མིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲུང་དབྱི། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག དེ་བཞིན་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཁྲུའུ་དང་ཁང་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་དྲིལ་སྒྲོག་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན། མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་ཁུལ་སློབ་གསོ་ཅུས། ཁུལ་ཁྲིམས་འཛིན་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注