མཚོ་བྱང་གིས2025ལོའི་དཔྱིད་རྨོད་ཐོང་ཁ་འབྱེད་མགོ་བརྩམས།
དགུན་གྱི་གྲང་ངར་ཡལ་ནས་དཔྱིད་ཀྱི་རང་མདངས་འཚེར། ཟླ3པའི་ཚེས26ཉིན། མཚོ་བྱང་ཁུལ་གྱིས2025ལོའི་དཔྱིད་རྨོད་ཐོང་ཁ་འབྱེད་པའི་མགོ་རྩོམ་མཛད་སྒོ་འཇུ་ལག་རྫོང་དུ་འཚོགས།
ཐོང་ཁ་འབྱེད་པའི་མཛད་སྒོའི་ཐོག་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་གླུ་ལེན་གར་རྩེད་བྱས་ཏེ། སྲོལ་རྒྱུན་གྱི་རྨོ་འདེབས་ལེ་ཚན་འཁྲབ་སྟོན་ལ་བརྟེན་ནས་ལོ་གཅིག་རིང་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔ་འཛོམས་པའི་སྨོན་ལམ་བཏབ། "རྨོན་པ་དོར་བསྡེབས"དང་མི་རིགས་ཀྱི་ཞབས་བྲོ་སོགས་ལེ་ཚན་སྣ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པས་མཚོ་བྱང་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་གྱི་རྨོ་འདེབས་རིག་གནས་མངོན་པར་བྱས། རིག་ནུས་ཅན་སོ་སོ་དང་། GPSངེས་གནས་དང་གྲངས་ཚད་གཏན་འཁེལ་གྱི་འདེབས་འཛུགས་ཞིང་ལས་འཕྲུལ་ཆས་མང་པོ་འགྲེམས་ཁུལ་དུ་འགྲེམས་སྟོན་བྱས་པ་དང་གནད་སྨིན་འདེབས་འཛུགས་འཕྲུལ་འཁོར་དང་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས། མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་སོགས་དེང་རབས་ཞིང་ལས་འཕྲུལ་ཆས་ཀྱིས་མི་རྣམས་ཀྱི་མིག་དབང་འཕྲོག ཁུལ་དང་རྫོང་གི་ཞིང་ལས་ཆེད་ལས་ལག་རྩལ་མི་སྣ་གཡུལ་ཁར་བསྐྱོད་དེ་ཞིང་བ་ཁྱིམ་ཚང་ལ་དཔྱིད་རྨོད་ཞིང་འདེབས་དང་། ལུད་རྒྱག་པ་དང་སྨན་སྤྱོད་པ་སོགས་དོ་སྣང་བྱེད་དགོས་པའི་དོན་ཚན་དྲིལ་སྒྲོག་དང་འགྲེལ་བཤད་བརྒྱབ། འབྲེལ་ཡོད་འགན་ལེན་སྤྱི་གཉེར་ཁང་གི་ཆེད་ལས་སྒྲོག་འགྲེལ་ཚོགས་པས་ཡུལ་དངོས་ནས་ཞིང་བ་ཁྱིམ་ཚང་ལ་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་དང་ཞིང་ལས་རིན་གོང་སྟོན་གྲངས་ཚོད་ལྟའི་འགན་བཅོལ་གྱི་ལྟེ་བའི་སྲིད་ཇུས་གཙོ་གནད་སྒྲོག་འགྲེལ་བྱས། ཞིང་ལས་ཀྱི་མི་མེད་གནམ་གྲུ་ཆེ་གྲས་མང་པོ་མཁའ་དབྱིངས་སུ་འཕུར་བ་དང་ཆབས་ཅིག་རྨོ་འདེབས་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་བཅུ་ལྷག་ཙམ་དུས་གཅིག་ཏུ་གཏོང་མགོ་བརྩམས་ནས་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་མཚོ་བྱང་ཁུལ་གྱི2025ལོའི་དཔྱིད་རྨོད་ཐོང་ཁ་འབྱེད་པའི་མགོ་དངོས་སུ་བརྩམས།
རྒྱུས་ལོན་པ་ལྟར་ན། ད་ལོ་མཚོ་བྱང་ཁུལ་གྱིས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ། ལུད་རྫས་དང་ཞིང་སྨན་ཉུང་འཕྲི་དང་ཕན་འབྲས་ཆེར་གཏོང་གི་ཁ་གསབ་སོགས་ཞིང་དར་ཞིང་ཕན་སྲིད་ཇུས་ཁག་བཅུ་ལྷག་ཙམ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.1དོན་འཁྱོལ་བྱས་པ་དང་། སོན་བཟང་སྤྱི་རྒྱ་ཁྲི335.43དང་། རིགས་སོ་སོའི་ལུད་ཏུན་ཁྲི3.99། ཞིང་སྨན་ཏུན48.4བཅས་གྲབས་གསོག་བྱས་པ་དང་། ཞིང་ལས་འཕྲུལ་ཆས་ཡོ་བྱད་ཆ་ཚང11846ཞིབ་བཤེར་ཉམས་བཟོ་བྱས་པས་དཔྱིད་རྨོད་ཞིང་ལས་རྒྱུ་ཆའི་དགོས་མཁོ་གང་ལེགས་སྐོང་ཐུབ་པར་བྱས་ཡོད། དཔྱིད་རྨོད་གྲ་སྒྲིག་བྱེད་སྐབས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཞིང་ལས་ཆེད་ལས་ལག་རྩལ་མི་སྣ་གཞི་རིམ་དུ་བསྐྱོད་དེ་འབྲུ་སྣུམ་དང་སྔོ་ཚལ་འདེབས་འཛུགས་དང་། ཞིང་ལས་འཕྲུལ་ཆས་འགན་སྲུང་། ཞིང་ཁར་ལུད་རྒྱག་པ་དང་སྨན་སྤྱོད་པ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ལ་དམིགས་ནས་ཡུལ་དངོས་ནས་གསོ་སྦྱོང་དང་ལག་རྩལ་མཛུབ་ཁྲིད་ཐེངས20ལྷག་ཙམ་བྱས། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཁྲིམས་འཛིན་སྡེ་ཁག་གིས་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི"རལ་གྲི་ལྗང་ཁུའི་ཞིང་སྲུང"འགུལ་སྐྱོད་ཧུར་ཐག་སྤེལ་ནས་མི་ཐེངས100ལྷག་ཙམ་བཏང་སྟེ་ཁུལ་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་ནས་རྒྱ་ཆེའི་ཞིང་བ་ཁྱིམ་ཚང་གིས"བློ་བདེའི་ངང་ཞིང་འདེབས་པ་དང་ལུད་རྫས་ཉོ་བ། ཞིང་སྨན་བཀོལ་བ"འགན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་དཔྱིད་རྨོད་བདེ་འཇགས་ཐོན་སྐྱེད་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注