ཟླ3པའི་ཚེས24ནས་ཚེས28ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲུང་གོ་གཏེར་ལྔ་སྡེ་ཚོགས་དང་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས། ཀྲུང་གོ་ཧ་ཡང་ལས་རིགས་སྡེ་ཚོགས། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་སོགས་ཁ་གཏད་རོགས་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་དང་མཇལ་འཕྲད་གནང་སྟེ་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རོགས་སྐྱོར་ཤུགས་ཆེན་གནང་བ་དང་རོགས་སྐྲུན་ལས་བྱེད་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་དབྱང་ཁེ་ལས་ཀྱི"ལྔ་བཅུ་བཞིའི"འཆར་འགོད་ལག་བསྟར་བྱས་ཚུན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་ཐོབ་པའི་གྲུབ་འབྲས་སྙན་ཞུ་བྱས་པ་དང་འབྲེལ་རོགས་སྐྲུན་ཀྲུང་དབྱང་ཁེ་ལས་སོ་སོར་ཞུགས་ནས་བཞུགས་མོལ་བརྗེ་རེས་དང་ཚོང་འགུག་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་གནང་།
ཀྲུང་གོ་གཏེར་ལྔ་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་སྤྱི་གཉེར་བ་ཀྲུའུ་ཁོ་པིན་གྱིས་ཤ་བོ་སྐྱབས་འཁོར་དང་བཅས་པར་མཇལ་འཕྲད་གནང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ་ཝང་ཅེ་ཀྲིས་བཞུགས་མོལ་ཚོགས་འདུའི་ཐོག་ཤ་བོ་སྐྱབས་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ནས་བཤད་རྒྱུར། སྡེ་ཚོགས་ཀྱི་འགན་འཁྲི་གཙོ་བོའི་ལས་རིགས་གཙོ་བོར་གཞི་ཚུགས་ཏེ་རིག་སྟོབས་རོགས་སྐྱོར་དང་ཐོན་ལས་རོགས་སྐྱོར། དམངས་འཚོའི་རོགས་སྐྱོར་གྱིས་མཚོ་བྱང་ཁུལ་དང་མདོ་ལ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་ནུས་འདོན་རྒྱུ་ཡིན་ལ། སྡེ་ཚོགས་ཁོངས་གཏོགས་ཡོངས་ཀྱི་ལས་མིའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སློབ་གསོ་གསོ་སྦྱོང་རྒྱ་ཆེར་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་ཡིན་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། རེ་བ་ཡིན་ན། ཀྲུང་གོའི་གཏེར་ལྔ་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཕྱོགས་བསྡུས་ལེགས་ཆ་དང་སྤྱི་གཉེར་ཁང་གི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་ནུས་པར་བརྟེན་ནས་ཚྭ་མཚེའུ་ཡི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་ཐད་གཏེར་ལྔ་ཉོ་ཚོང་གིས་མཚོ་བྱང་དུ་ལས་སྒོའི་གྲངས་འབོར་རིམ་བཞིན་ཇེ་མང་དུ་གཏོང་རྒྱུ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ། སློབ་གསོ་གསོ་སྦྱོང་མཉམ་ལས་མཉམ་སྐྲུན་ལམ་སྲོལ་བཙུགས་ནས་མདོ་ལའི་གཏེར་ལྔ་རྒྱལ་སྤྱིའི་ཚོང་དོན་མགྲོན་ཁང་བེད་སྤྱོད་ཡག་པོ་བྱས་ཏེ་དེ་ཉིད་གཏེར་ལྔ་ལས་བྱེད་ལས་བཟོ་བའི་སློབ་གསོ་གསོ་སྦྱོང་རྟེན་གཞིར་འགྱུར་བར་བྱེད་དགོས་ཟེར།
རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་ཀྱི་སྤྱི་གཉེར་ལས་རོགས་ཅ་ཡན་པེན་གྱིས་བཤད་རྒྱུར། སྡེ་ཚོགས་ཀྱིས་ནུས་རྒྱུ་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱས་ཏེ། རྐང་ཚ་རྫོང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྡེ་ཚོགས་ཀྱི་རྡོ་སོལ་དང་གློག་ཤུགས། རྫས་འགྱུར་བཟོ་ལས། སྐྱེལ་འདྲེན་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་ཤུགས་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། ཆུ་ཁོལ་འོད་ཤུགས་གླིང་ཁུལ་གྱི་དུས་རིམ་གཉིས་པའི་སྟོང་ཝ་ཁྲི200ཡི་འོད་ཤུགས་ལས་གཞི་དོན་འཁྱོལ་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ཁུལ་དུ་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། རེ་བ་ཡིན་ན། སྡེ་ཚོགས་ཀྱིས་མཚོ་བྱང་གི་ནུས་རྒྱུ་འགན་ལེན་དང་ལྗང་མདོག་ཕྱོགས་བསྡུས་ནུས་རྒྱུའི་གླིང་ཕྲན་འཛུགས་སྐྲུན་ཐད་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ"ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་ཡོངས་འཆར་འགོད"ཀྱི་བསམ་ཕྱོགས་གཞིར་བཟུང་མཚོ་བྱང་གི་རྡོ་སོལ་དང་མེ་ཤུགས་གློག་འདོན། ནུས་རྒྱུ་གསར་བ་གཞི་ཁྱོན་ཅན་དང་ཁྱུ་ཚོགས་ཅན་དུ་འཛུགས་སྐྲུན་བྱེད་རོགས། སྡེ་ཚོགས་ཀྱིས་མཚོ་བྱང་ཁུལ་ལ་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་གྲུ་གཟིངས་དང་མེ་འཁོར་ཞལ་འདེབས་ཕུལ་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཉམས་ལེན་བྱ་ཡུལ་དུ་བརྗོད་དོན་ལྗོངས་ཁུལ་དང་ཡུལ་སྐོར་བའི་ངལ་གསོ་ཁུལ་གཏོད་རྒྱུ། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་སྨན་དོན་མི་སྣ་གསོ་སྦྱོང་བྱ་རྒྱུར་ཤུགས་བསྣན་ནས་སྨན་བཅོས་སྒྲིག་གཞིའི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཟེར།
ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཝང་ཞིན་ཏུང་གིས་ལོ་གཅིག་རིང་མཚོ་བྱང་ཁུལ་དང་འཇུ་ལག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་ནས་བཤད་རྒྱུར། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འབྲེལ་འདྲིས་སྦྲེལ་མཐུད་ལ་ཤུགས་སྣོན་པ། རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཆས་རྟགས་གཏོད་པ། ཚན་རྩལ་གྱི་ནུས་པ་སོགས་ལ་དམིགས་ནས་ལས་སྣོན་ཞིབ་ཚགས་ཐད་ཀྱི་མཉམ་ལས་གཏིང་ཟབ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང"ཕྱི་ཕྱོགས་ཀྱི་རོགས་སྐྱོར་ལ་བརྟེན་པ"དེ"རང་ཉིད་འཕེལ་རྒྱས་དང་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར"བསྒྱུར་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཚོང་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། རེ་བ་ཡིན་ན། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱིས་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་དང་ཁྲོམ་རའི་ལེགས་ཆ་དེ་མཚོ་བྱང་དང་འཇུ་ལག་གི་ས་བབ་དང་ཐོན་ཁུངས། ཐོན་ལས་བཅས་ཀྱི་ལེགས་ཆ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྐམས་ཤ་དང་བོད་ལུག་གི་ཤ། དེ་བཞིན་ནས་དང་ལོག་དཀར། གྲོ་མ། སྦྲང་རྩི། སྟར་བུ། གྲང་བསིལ་སྔོ་ཚལ་སོགས་ཕུན་སུམ་ཚོགས་པའི་ཐོན་རྫས་ཐོན་སྐྱེད་ཞིབ་འཇུག་གསར་སྤེལ་དང་ཚོང་རྟགས་དང་པོ་སོགས་ཀྱི་ཐད་རོགས་སྐྱོར་དང་རྒྱབ་སྐྱོར་གཏིང་ཟབ་བྱེད་རོགས། ཀྲུང་གོ་འབྲུ་རིགས་མཁོ་སྤྲོད་སྦྲེལ་ཐག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དེ་ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱི"ཀྲུང་གོའི་འབྲུ་རིགས་ཁྱིམ་དུ་འབྱོར་བ"སོགས་ཀྱི་བྲིན་ཚོང་མ་ལག་ནང་བཅུག་ནས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ"བྱང་ཡིག་ཅན"དེ་ལས་མང་བའི་མཐོ་སྒང་རྫས་མཆོག་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཕྱོགས་སུ་སྐྱོད་ཐུབ་པར་བྱེད་པའི་རེ་བ་ཡོད་ཟེར།
ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ལས་འཛིན་ཀོན་ཡུང་ཁྲང་གིས་མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཧ་ཡང་སྡེ་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་བཤད་རྒྱུར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་ཁེ་ལས་ལ་གནང་བའི་ཁ་གཏད་རོགས་སྐྱོར་གྱི་ལས་འགན་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་སྔར་རྒྱུན་བཞིན་ས་གནས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱི་ལེགས་ཆའི་ཐོན་ལས་དང་མཚོ་བྱང་མངའ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་མཉམ་ལས་ཀྱི་མཐུན་ས་གནད་ལ་འཁེལ་བ་བཙལ་ཏེ་མཚོ་བྱང་དང་མཉམ་དུ"གློག་འབྱེད་ཧ་ཡང+ལྗང་མདོག་གློག"མཐུན་སྦྱོར་འཕེལ་རྒྱས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། རེ་བ་ཡིན་ན། ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱིས་སྔར་ལས་གཏིང་ཟབ་པའི་སྒོ་ནས་མཚོ་བྱང་ཁུལ་དང་མདའ་བཞི་རྫོང་གི་ཐོན་ལས་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ཏེ། ཀྲུང་གོ་ཧ་ཡང་གི་གཞི་གྲངས་གསོག་འཇོག་དང་སྐྱོན་ཞུགས་སླར་གསོ་གསོག་འཇོག མངའ་ཁོངས་ཀྱི་གཞི་གྲངས་ཆེན་མོའི་ལྟེ་གནས་མདའ་བཞི་རུ་གཞིས་ཆགས་པར་བྱས་ནས་ཐོན་ཁུངས་གསར་སྤེལ་དང་མཛེས་ལྗོངས་གསབ་རེས་ཀྱི་ནུས་རྒྱུ་གསར་བ་དང་ལྗང་མདོག་རྩིས་ནུས་སོགས་ཐོན་ལས་ལས་གཞི་ཁག་གཅིག་འཚོལ་ཞིབ་དང་ལག་བསྟར་བྱེད་རོགས། མཚོ་བྱང་ཁུལ་གྱིས་རོགས་སྐྲུན་བྱས་པའི་ཀྲུང་དབྱང་ཁེ་ལས་ལ་ནུས་རྒྱུ་གསར་བ་འཛུགས་སྐྲུན་སོགས་ཀྱི་ཐད་གཙོ་གནད་ཐོག་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱི་མདོག་ལྡན་ལྕགས་རིགས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཧ་ཡང་ཐོན་རྫས་ཀྱི་ཐོན་ལས་ཁག་གཅིག་མདའ་བཞི་རུ་གཞིས་ཆགས་པར་བྱས་ནས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གསོག་འཇོག་བྱ་རྒྱུ་ཡིན་ཟེར། ཀྲུང་གོ་ཧ་ཡང་སྡེ་ཚོགས་ཀྱི་སྤྱི་གཉེར་ལས་རོགས་ཝུའུ་ཙོ་མིང་ཚོགས་འདུར་ཞུགས།
བཞུགས་མོལ་བརྗེ་རེས་བྱེད་སྐབས། ཤ་བོ་སྐྱབས་ཀྱིས་ད་དུང་རོགས་སྐྲུན་ཀྲུང་དབྱང་ཁེ་ལས་བཞིའི་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་འཛད་སྤྱོད་རོགས་སྐྱོར་ལ་རོགས་རམ་བྱེད་པ་དང་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ། མཚོ་བྱང་དུ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སློབ་གསོ་གསོ་སྦྱོང་བྱེད་པ་དང་ས་གནས་དེ་གའི་སློབ་ཆེན་སློབ་མ་ལས་ཞུགས་བསྡུ་ལེན་བྱེད་པ་སོགས་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་ཐད་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། རོགས་སྐྲུན་ཀྲུང་དབྱང་ཁེ་ལས་ཀྱིས"ཐོན་ལས་གཞན་སྒྱུར"སོགས་ཀྱི་རྣམ་པའི་ཐོག་ནས་མཚོ་བྱང་ཐོན་ལས་ལ་རོགས་རམ་བྱས་ཏེ་ཁ་གསབ་བྱེད་པ་དང"ས་གྲོལ་དཔལ་འབྱོར"འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་གྲོས་མགོ་བཏོན། ཀྲུང་དབྱང་ཁེ་ལས་བཞིའི་ཚོགས་ཞུགས་འགན་འཁུར་བློ་མཐུན་གྱིས་བཏོན་པའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་དོན་ཚན་ལ་རེ་རེ་བཞིན་ལན་བརྒྱབ་ནས་བཤད་རྒྱུར། ས་གནས་ཀྱི་དགོས་མཁོ་དང་ཁེ་ལས་ཀྱི་ནུས་པ་གཞིར་བཟུང"ལྔ་བཅོ་ལྔའི"རོགས་སྐྲུན་ལས་གཞི་འཆར་འགོད་ཇུས་འགོད་ནན་ཏན་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ཁྲོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱ་རྒྱུ་ཡིན་ཟེར།
ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་སངས་འབུམ། ཞིང་ཆེན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུས་དང་ཟི་ལིང་གྲོང་ཁྱེར་གྱི་པེ་ཅིང་ས་ཁོངས་ཚོང་འགུག་ཆེད་སྒྲུབ་ཚོགས་པ། དེ་བཞིན་མཚོ་བྱང་གི་རྫོང་བཞི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོ་སོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注