མཚོ་བྱང་ཁུལ་གྱིས2023ལོའི་ལས་གཞི་གཅིག་སྡུད་ཐོག་ལས་མགོ་བསྐྱར་འཛུགས་བྱེད་པའི་མཛད་སྒོ་སྤེལ། 


   ཟླ4བའི་ཚེས9ཉིན། 2023ལོའི་མཚོ་བྱང་ཁུལ་གྱི་ལས་གཞི་གཅིག་སྡུད་ཐོག་ལས་མགོ་བསྐྱར་འཛུགས་བྱེད་པའི་མཛད་སྒོ་དེ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་སློབ་ཁྲིད་ཞིབ་འཇུག་ཐོག་ཁང་དང་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས2023ལོའི་མཚོ་བྱང་ཁུལ་གྱི་ལས་གཞི་གཅིག་སྡུད་ཐོག་ལས་མགོ་བསྐྱར་འཛུགས་བྱས་པ་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་ར་གཙོ་བོའི་མགོ་རྩོམ་མཛད་སྒོ་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཝང་ཀྲུང་དབྱི། སུན་ཞུག་ཙུང་། སངས་འབུམ། ཞུས་ཡུང་ཀུང་། མ་ཁྲེང་ཀུའེ། ཝང་ཞིན་ཧུའེ། དབྱིན་མའོ་ཝུན། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞུག ཁྲང་ལིན། ཞའོ་རུའེ་ཞིན། ཁའེ་ཞའོ་ཆིང་བཅས་ཚོགས་ར་གཙོ་བོར་ཞུགས་པ་དང་། རྫོང་བཞིའི་ཡན་ལག་ཚོགས་རར་ལས་མགོ་བསྐྱར་འཛུགས་ཀྱི་མཛད་སྒོ་སྤེལ།

   2023ལོར་མཚོ་བྱང་ཁུལ་གྱི་ལས་གཞི279འཛུགས་སྐྲུན་བྱེད་རྩིས་ཡོད་པ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར54.3གཏོང་རྩིས་ཡོད་པ་དེའི་ནང་མུ་མཐུད་འཛུགས་སྐྲུན176དང་འཛུགས་སྐྲུན་གསར་བ103བྱས་ནས་ལོ་འཁོར་མོའི་མ་འཇོག་གཞི་ཁྱོན་འོས་འཚམ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད། 2023ལོའི་ལོ་འཁོར་མོའི་མ་འཇོག་ལས་འགན་གྱི་དམིགས་ཚད་དུས་བཀག་ལྟར་ལེགས་འགྲུབ་ཡོང་ཆེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔ་མོ་ནས་ཇུས་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ་དུས་ཆེན་རྗེས་ཀྱི་ཐོན་སྐྱེད་བསྐྱར་གསོ་བྱ་བར་དམ་འཛིན་ཧུར་ཐག་བྱས་ནས། “མགོ་རྩོམ་དགོས་རིགས་ཚང་མ་མགྱོགས་མྱུར་སྒོས་མགོ་རྩོམ་ཐུབ་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གཅིག་སྡུད་ཐོག་ལས་མགོ་འཛུགས་པའི་ལས་གཞི251ཡོད་པ་དེ་དག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་འཕེལ་རྒྱས། སྐྱེ་ཁམས་ཡུལ་སྐོར། ནུས་རྒྱུ་གསར་བ་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད་པ་རེད།

   མཚོ་བྱང་ཁུལ་གྱིས“ལས་གཞི་གཙོ་བོར་བྱེད་པའི”འདུ་ཤེས་མུ་མཐུད་བརྟན་པོར་བཙུགས་ནས་ལས་གཞི་ལ་དམ་འཛིན་ཤུགས་ཆེན་དང་། ལས་གཞི་ཆེན་མོར་དམ་འཛིན་བྱེད་པ། དམིགས་ཚད་ལ་དམ་པོར་དམིགས་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩ་མངོན་གསལ་དོད་དུ་གཏོང་བ་བཅས་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལས་གཞི་ཚང་མ་མགོ་འཛུགས་དགོས་པར་འགན་ལེན་བྱས་ནས“བྱ་བ་ཆེན་པོ་སྒྲུབ་པ་དང་མགྱོགས་མྱུར་སྒྲུབ་པའི་ལས་གཞིའི”ཚ་རླབས་ཤིག་འཕྱུར་བ་བྱེད་དགོས་ལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་འཛུགས་པ་དང་། མ་འོངས་པའི་འཆར་འགོད་ལས་རྣམ་ཁྱབ་ཚུལ་ལ་དམིགས་ནས་འདེགས་སྐྱོར་གྱི་ནུས་པ་ཆེ་བ་དང་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་བའི་ལས་གཞི་ཆེན་མོ་དང་ལས་གཞི་ཡག་པོ་ཁག་ཅིག་འཆར་འགོད་ཞིབ་ཚགས་བྱེད་དགོས། ལས་གཞིའི་ལས་ཁུངས་ཀྱི་ཚད་གཞིའི་དགོས་མཁོར་བསྟུན་པ་དང་རང་འགུལ་ངང་སྔོན་ལ་ཞབས་འདེགས་ཞུ་བ། སྤུས་ལེགས་ནུས་ཆེའི་སྒོ་ནས་ས་ཆ་སྤྱོད་པ། ལས་མི་བཀོལ་སྤྱོད་དང་ཆུ་གློག་སོགས་རྨང་གཞིའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་དཀའ་ངལ་སྣ་ཚོགས་མཐུན་སྦྱོར་ཐག་གཅོད་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་གཞི་ཁྱབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མ་འཇོག་ཁེ་ལས་སོ་སོ་དང་ལས་གཞི་འཛུགས་སྐྲུན་ལས་ཁུངས་ཀྱིས་མཚོ་བྱང་གི་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་ཨར་ལས་དུས་ཡུན་ཐུང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ནས་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དུས་ཚོད་དང་མཚམས་ཚིགས་གཞིར་བཟུང་ནས་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་ཨར་སྐྲུན། ལས་ཕྱོད་ཆེ་བའི་སྐུལ་འདེད་བཅས་བྱས་ཏེ་ལས་གཞིའི་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱུང་བ་དང་ཕན་འབྲས་སྔ་མོ་ནས་ཐོན་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

   ཚོགས་ར་གཙོ་བོའི་ལས་མགོ་བསྐྱར་འཛུགས་ཀྱི་མཛད་སྒོའི་ཐོག་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས2023ལོའི་ཁུལ་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ལས་གཞིའི་ལས་ཁུངས་དང་ལྟ་སྐུལ་དོ་དམ་ལས་ཁུངས། ཨར་ལས་ལས་ཁུངས་ཀྱི་འཐུས་མིས་གཏམ་བཤད་གནང་བ་དང་འབྲེལ་སྲིད་གཙང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམ་བཅའ་བཞག ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཁེ་ལས། ལྟ་སྐུལ་དོ་དམ་དང་ཨར་ལས་ལས་ཁུངས་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号