མཚོ་བྱང་ཁུལ་མདོ་ལ་རྫོང་གིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་ཚོང་འགུག་མ་འདྲེན་ལས་གཞིའི་ཆེད་དོན་གྲོས་མཐུན་གན་རྒྱ་འཇོག་པའི་ཚོགས་འདུ་འཚོགས། 

ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཟླ3པའི་ཚེས5ཉིན། མཚོ་བྱང་ཁུལ་མདོ་ལ་རྫོང་གི་ཚོང་འགུག་མ་འདྲེན་ལས་གཞིའི་ཆེད་དོན་གྲོས་མཐུན་གན་རྒྱ་འཇོག་པའི་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་ཚོགས་འདུར་ཞུགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། སི་ཁྲོན་ལིས་ཀི་རྒྱུ་ཆ་གསར་པའི་ཚད་ཡོད་སྤྱི་གཉེར་ཁང་དང་ཧོ་ནན་པིན་མུའུ་བཟའ་བཏུང་ཞབས་ཞུའི་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱི་ཁེ་ལས་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཞུགས་ཁེ་ལས་པ་དག་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོས་བསྟན་དོན། ཁྲེང་ཏུའུ་རུ་མདོ་ལའི་ཚོང་འགུག་མ་འདྲེན་གྱི་ཆེད་དོན་གྲོས་མཐུན་གན་རྒྱ་འཇོག་པའི་ཚོགས་འདུ་འཚོགས་པ་དེ་ནི་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཚོང་འགུག་མ་འདྲེན་ཚོགས་ཆེན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་རེད། མདོ་ལ་རྫོང་ནི་མདོ་ལ་རི་བོའི་ལྟེ་བར་ཆགས་ཤིང་། དར་གོས་ཚོང་ལམ་གྱི་ལྷོ་རྒྱུད་ལམ་ཐིག་གི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཆེན་པོ་དང་རྨ་ནུབ་ཁྱམས་རིང་གི་སྐོར་ལམ་ཆུང་བར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ལ། འཇུ་ལག་ཆུ་དང་བར་དམ་ཆུ། གནའ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ། དྭངས་གཙང་གི་གངས་འདབས་ནས་བཞུར་བའི་ཆུ་དང་ས་འོག་ཆུའི་ཐོན་ཁུངས་ཡོད་པ། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་ཐོན་ལས་བཀོད་སྒྲིག་ལུགས་མཐུན་ཡིན་པ། ཚོང་གཉེར་ཁོར་ཡུག་བཟང་བ། ལྷག་པར་ཁུལ་ཡོངས་ནས་ཡུལ་ཁོངས་ཧྲིལ་བོར་ལྗང་མདོག་སྐྱེ་ལྡན་དཔང་དངོས་ར་སྤྲོད་ཀྱིས་ཁྱབ་པ་ཐོག་མར་མངོན་འགྱུར་བྱུང་བ་དང་། རྩྭ་ཐང་དང་བོད་ལུག ནོར་གནག་ལ་ལོ་དགུར་བསྟུད་མར་སྐྱེ་ལྡན་གྱི་དཔང་དངོས་བདེན་པའི་ར་སྤྲོད་བསྐྱར་མ་ཐོབ་པ་དང་། "ཁྲི་སྟོང་རིམ་པའི"བོད་ལུག་ནོར་གནག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི4དང་ཞིང་ཆེན་ཡོངས་ཀྱི་མདོ་ལ་རི་བོའི་ཤ་མོ་སེར་པོ་བསྡུ་འགྲེམས་ལྟེ་གནས་གཅིག་པུ་བཙུགས་ཡོད། "མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"སོགས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་བཏོད་པས་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་ཡོད། སི་ཁྲོན་ལིས་ཀི་རྒྱུ་ཆ་གསར་པའི་ཚད་ཡོད་སྤྱི་གཉེར་ཁང་ལ་སྔོན་ཐོན་གྱི་ཆུ་ཐག་གཅོད་ལག་རྩལ་དང་རྒྱུ་ཆ་གསར་པ་སྦྱོར་བཟོའི་ལག་རྩལ་ཡོད་པ་དང་། དེ་བཞིན་སྔོན་ཐོན་གྱི་བྱེད་ནུས་ཅན་གྱི་སོལ་རྡོ་ཞི་དང་སོལ་རྡོ་ཞི་ཚད་བརྒལ་འཚག་སྐྱི་སོགས་ཐོན་རྫས་ཡོད་པས་ལག་རྩལ་སྟོབས་ཤུགས་ཀྱི་རྔམས་མཐོ་བ་དང་ལས་སྒོའི་གཞི་རྒྱ་ཆེ་བ་ཡོད། ཧོ་ནན་པིན་མུའུ་བཟའ་བཏུང་ཞབས་ཞུ་སྤྱི་གཉེར་ཁང་ནི་བཟའ་བཏུང་ཞབས་ཞུའི་མུ་འབྲེལ་ཁེ་ལས་ཆེ་གྲས་ཤིག་ཡིན་པའི་ངོས་ནས་རྒྱལ་ཡོངས་སུ་ཟ་ཁང270ལྷག་ཙམ་ཡོད་པ་དང་། འཐེན་ཐུག་ཟ་ཁང་འབྲིང་གྲས1000ལྷག་ཙམ་ལ་སྡེབ་སྐྱེལ་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད། སྤྱི་གཉེར་ཁང་གཉིས་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན། རེ་བ་ཡིན་ན་ཕྱོགས་གཉིས་ཀྱིས་འབྲེལ་གཏུག་དང་མཐུན་སྦྱོར་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ལས་གཞི་དོན་འཁྱོལ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་རོགས། དེ་དང་ཆབས་ཅིག་བོད་ལུག་དང་ནོར་གནག བོད་ཇ། ཤ་མོ་སེར་པོ། ནས་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ། གློག་རྡུལ་ཚོང་དོན། གྲང་སྦྲེལ་དངོས་ཟོག་སྐྱེལ་འདྲེན་ལས་རིགས་སོགས་ནས་ཁྱབ་ཁོངས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་ཇེ་རིང་དུ་བཏང་སྟེ་མདོ་ལའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་གསོག་འཇོག་བྱ་དགོས། ཁོས་བཤད་རྒྱུར་མཚོ་བྱང་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་རང་འགུལ་ངང་སྦྲེལ་མཐུད་དང་སྔོན་ཚུད་ཞབས་ཞུ་བྱས་ནས་འགན་སྲུང་གི་བྱ་བ་གཙོ་བོ་ཏན་ཏིག་ལེགས་པར་བསྒྲུབ་སྟེ་ཐེངས་འདིའི་གྲོས་མཐུན་གན་རྒྱ་འཇོག་པའི་ལས་གཞི་ལོ་འདིའི་ནང་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་རྩོམ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

གྲོས་མཐུན་གན་རྒྱ་འཇོག་པའི་ཚོགས་འདུའི་སྟེང་། མཚོ་བྱང་ཁུལ་མདོ་ལ་རྫོང་མི་དམངས་སྲིད་གཞུང་དང་སི་ཁྲོན་ལིས་ཀི་རྒྱུ་ཆ་གསར་པའི་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.2ཟིན་པའི་མདོ་ལ་སི་ཆོན་གསར་སྤེལ་ལས་གཞིར་གྲོས་མཐུན་གན་རྒྱ་བཞག ཧོ་ནན་པིན་མུའུ་བཟའ་བཏུང་ཞབས་ཞུའི་ཚད་ཡོད་སྤྱི་གཉེར་ཁང་དང་མ་དངུལ་བསྡོམས་འབོར་སྒོར་ཁྲི5000ཟིན་པའི་ནོར་གནག་ཐོན་ལས་ཡོངས་ཀྱི་རིན་ཐང་འཕར་སྣོན་དང་སྐྱེ་ཁམས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལས་གཞིར་གྲོས་མཐུན་གན་རྒྱ་བཞག

དུས་ཡུན་དེའི་རིང་ལ། ཤ་བོ་སྐྱབས་འཁོར་དང་བཅས་པ་མཚོ་བྱང་མདོ་ལ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྲེང་ཏུའུ་ཀོ་ཞིན་ཆུས་འགྲེམས་ཚོང་ལྟེ་གནས་སུ་བསྐྱོད་དེ་ཚོང་ཁང་གནས་ཡུལ་དང་ཐོན་རྫས་རིགས། ཚོང་ཟོག་ཐོན་ཁུངས་མཁོ་སྤྲོད། ཕྱིར་ཚོང་གཉེར་སྐྱོང་བཅས་དང་དེ་བཞིན་གོམ་སྟབས་རྗེས་མའི་ཕྱིར་ཚོང་བསམ་ཕྱོགས་དང་གནས་པའི་དཀའ་ངལ་བཅས་ལ་རྒྱུས་ལོན་བྱས་ཏེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཆེད་གཉེར་ཚོང་ཁང་སྒོ་ཕྱེ་ནས་ཉིན་བཅུ་ལྷག་ཙམ་རིང་ཚོང་གཉེར་ཡོང་འབབ་སྒོར་ཁྲི10ཙམ་ཟིན་པས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད་པའི་ངོས་འཛིན་བྱས་པ་དང་། ཁུལ་དང་རྫོང་གི་ཞིང་ཕྱུགས་དང་བཟོ་འཕྲིན་སོགས་སྡེ་ཁག་གིས་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ།《མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས“གནས་གསུམ་སྒམ་བརྒྱ”འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》དང《མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཁྱབ་ཁོངས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་ལག་བསྟར་ཞིབ་སྲོལ》སོགས་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་ཞིང་ཆེན་ཕྱིའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས54ཡི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ཏེ། མུ་མཐུད་དུ་ཚོང་གི་ལམ་ཁ་རྒྱ་ཇེ་ཆེ་དང་ཁྲོམ་ར་རྒྱ་སྐྱེད་བཏང་ནས་མཚོ་བྱང་ཁུལ་གྱི་དམིགས་བསལ་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱིའི་ཁྲོམ་རར་རྒྱུན་ཆད་མེད་པར་མངོན་པའམ་ཐོན་དུ་འཇུག་དགོས་པའི་བླང་བྱ་བཏོན།

ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་སོ་སོར་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号