ཉེ་ཆར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་མཚོ་སྔོན་མཛེས་རྩལ་ཁང་གིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་བརྙན་ལེན་སྒྱུ་རྩལ་འགྲེམས་སྟོན་སྐབས19པ་མཚོ་སྔོན་མཛེས་རྩལ་ཁང་དུ་སྤེལ་བ་དང་མཚོ་བྱང་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱིས་བདམས་སྐྱེལ་བྱས་པའི་བརྩམས་ཆོས13ལ་བྱ་དགའ་ཐོབ།མཚོ་བྱང་ཁུལ་པར་ལེན་མཐུན་ཚོགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚོགས་མི་འགྲེམས་སྟོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་འབྲེལ་སྐུལ་སློང་ཡང་བྱས། ཚོགས་མི་རྣམས་སྤྲོ་སེམས་རབ་ཏུ་འཕེལ་ནས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་བློ་ཡིད་ཚིམ་པའི་བརྩམས་ཆོས་བཏོན་པ་དང་རིམ་རྩིས་བྱས་ན་རྩོམ་ཡིག་བསྐུར་ནས་འགྲེམས་སྟོན་ནང་ཞུགས་པའི་བརྩམས་ཆོས300ལྷག་ཙམ་ཟིན་ཡོད་པ་རེད། བརྩམས་ཆོས་དེ་དག་གིས་ཟུར་ཚད་མི་འདྲ་བ་དང་ཐུན་མོང་མ་ཡིན་པའི་ཐོག་ནས་མཚོ་བྱང་གི་ཕུན་སུམ་ཚོགས་པའི་མི་ཆོས་རང་བྱུང་དང་སྐྱེ་ཁམས་ཁོར་ཡུག་གི་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་མངོན་པར་བྱས་ཡོད།མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས། ཤུགས་རྐྱེན་ཐེབས་རྒྱ་ཆེ་ཤོས་བཅས་ཀྱི་ཞིང་ཆེན་ཡོངས་ཀྱི་རང་བཞིན་ལྡན་པའི་པར་ལེན་བྱེད་སྒོ་ཞིག་ཡིན་པའི་ཆ་ནས། སྐབས་འདིའི་ཞིང་ཆེན་གྱི་འགྲེམས་སྟོན་ལ་ཟིན་འགོད་དངོས་བྲིས་རིགས་དང་རང་བྱུང་མཛེས་ལྗོངས་རིགས། སྒྱུ་རྩལ་གསར་གཏོད་རིགས། ཚོང་ལས་རིགས། བརྙན་ཐུང་རིགས་བཅས་རིགས་བཞི་ཡོད་པ་དང་། ཐེངས་དང་པོར་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་དང་ཞིང་ཆེན་ཕྱིའི་ཆེད་མཁས་པ་དཔྱད་འདེམས་ནང་ཞུགས་པར་གདན་འདྲེན་ཞུས་ཤིང་། ཁྱོན་བསྡོམས་པར་རིས་བརྩམས་ཆོས(བརྙན་ཐུང་ཚུད)12685འབྱོར་བའི་ནང་། མཐར་རྩོམ་བསྡུའི་བླང་བྱ་དང་མཐུན་པའི་པར་རིས(ཚོ་ཆུང)10587ལ་ཐོག་མའི་དཔྱད་བསྡུར་དང་མཐའ་མའི་དཔྱད་བསྡུར་རེས་སྐོར་གཉིས་ཀྱི་དཔྱད་འདེམས་བྱས་པ་བརྒྱུད་འགྲེམས་སྟོན་ནང་བདམས་ཐོན་བྱུང་བའི་བརྩམས་ཆོས200དཔྱད་འདེམས་བྱས་པ་དང་མཚོ་བྱང་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱིས་བདམས་སྐྱེལ་བྱས་པའི་བརྩམས་ཆོས13ལ་དངུལ་གྱི་བྱ་དགའ་དང་ཟངས་ཀྱི་བྱ་དགའ། ཕུལ་བྱུང་བྱ་དགའ་སོགས་ཐོབ།བརྩམས་ཆོས་འདི་དག་གི་བརྗོད་བྱ་ནི་མཚོ་བྱང་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས། མི་ཆོས་དམངས་སྲོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་དངོས་ཡོད་བརྗོད་བྱ་འདུས་ཡོད་ལ། མི་ཆོས་ཐུགས་ཁུར་ཡོད་ལ་དུས་རབས་ཀྱི་ཉམས་འགྱུར་ལྡན། ཕུལ་བྱུང་བརྩམས་ཆོས་དེ་དག་བརྒྱུད་ང་ཚོས་མཚོ་བྱང་ཁུལ་གྱི་པར་བ་ཚོས་ཕ་ཡུལ་ལ་དགའ་ཞེན་དང་འཚོ་བར་རེ་སྨོན་བྱེད་པ་དང་ལས་འགན་ལ་བསམ་གཞིག་བྱེད་པ་མཐོང་ཐུབ། ཁོ་ཚོས་བརྙན་མིག་ལ་བརྟེན་ནས་མཚོ་བྱང་གི་གཏམ་རྒྱུད་བརྗོད་པ་དང་མཚོ་བྱང་གི་སྣང་བརྙན་མཚོན་པར་བྱེད་པ། བརྩེ་དུང་ལ་བརྟེན་ནས་མཚོ་བྱང་གི་མཚན་སྙན་བརྒྱུད་སྤྲོད་བྱེད་པ་སོགས་མཚོ་བྱང་པར་ལེན་སྒྱུ་རྩལ་བྱ་གཞག་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།